དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • འབྲོང་པའི་སྤྱི་བདེས་མི་10བཟུང་ནས་ཁ་བསླུས་ཤོར་བའི་དངུལ་སྒོར་ཁྲི་16ལྷག་ཙམ་འདེད་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-09-05

    ཟླ་5ཚེས་30ཉིན་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་ལ་ཐང་ཆེ་གེ་མོས་རང་ཉིད་ལ“དངུལ་ཁང་གི་ལས་དོན་པ”ཡིན་ཟེར་མཁན་ཞིག་གི་ཁ་པར་འབྱོར་བ་དང་། ཕར་ཕྱོགས་ཀྱིས་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཀ་དམའ་རུ་བཏང་བར་ཁ་གཡར་ཏེ་དངུལ་སྒོར་197488.24ཁ་བསླུས་བརྒྱབ་སོང་། སྤྱི་བདེ་ལས་ཁུངས་ནས་བརྟག་དཔྱད་གནང་རོགས་ཞེས་པའི་གྱོད་དོན་སྙན་སེང་འབྱོར་བ་རེད།

    གྱོད་དོན་སྙན་སེང་འབྱོར་མ་ཐག་རྫོང་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཉེས་དོན་མྱུལ་ཞིབ་རུ་ཆེན་ལ་ནུས་ཤུགས་ཡོད་རྒུས་གནོད་འཚེ་ཕོག་མཁན་གྱི་དཔལ་འབྱོར་གྱོང་གུན་གསབ་གང་ཐུབ་བྱེད་དགོས་པ་མ་ཟད། ཉེས་ཅན་པ་དེ་རིགས་ལ་རྡུང་རྡེག་ཚ་ནན་གཏོང་དགོས་པའི་བླང་བྱ་ཡང་བཏོན་པ་རེད། རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་འཕྲལ་མར་རྐང་འཛིན་མི་དམངས་ཉེན་རྟོག་པ་བསྐོངས་ནས་ཆེད་དམིགས་ཚོགས་ཆུང་བཙུགས་ཤིང་། གྱོད་གཞིའི་མ་དངུལ་རྒྱུག་ཕྱོགས་དང་ཆ་འཕྲིན་ཐོན་ཕྱོགས་སོགས་ལ་དབྱེ་ཞིབ་དང་ཞིབ་འཇུག་གཏིང་ཟབ་བྱས་པ་བརྒྱུད། མྱུལ་ཞིབ་ཉེན་རྟོག་པས་གྱོད་གཞི་དང་འབྲེལ་བ་ཡོད་པའི་དངུལ་སྨར་ཁག་གཅིག་ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་དང་ཀྲའོ་ཆིང་གྲོང་ཁྱེར་སོགས་ནས་བཏོན་པ་ཤེས་རྟོགས་བྱུང་བ་རེད།

    ཁུངས་སྣེ་ཤེས་རྟོགས་དང་གནས་ཚུལ་མཐའ་གསལ་ཤེས་རྗེས། ཆེད་དམིགས་གྱོད་དོན་བརྟག་དཔྱད་ཚོགས་ཆུང་གིས་འཕྲལ་མར་མི་དམངས་ཉེན་རྟོག་པ་ཁག་གཉིས་ལ་བགོས་ནས་ཀོང་ཀྲོའུ་དང་ཧྲེན་ཀྲེན་སོགས་སུ་བརྟག་དཔྱད་དཔང་ལེན་བྱེད་པར་བསྐྱོད་པ་རེད། ཉིན་15བསྟུད་མར་འབད་འཐབ་བྱས་ནས་ཆེད་དམིགས་གྱོད་དོན་བརྟག་དཔྱད་ཚོགས་ཆུང་གི་མི་དམངས་ཉེན་རྟོག་པས་སྔ་རྗེས་སུ་ཀོང་ཏུང་དང་། ཀོང་ཤིས། ཅང་སུའུ་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་3དང་གྲོང་ཁྱེར་6ལ་སྐྱོད་དགོས་བྱུང་ཞིང་། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཁ་བསླུས་ངོ་རྒོལ་ལྟེ་གནས་དང་ལྗོངས་ཕྱིའི་ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ཀྱི་གཞོགས་འདེགས་ཤུགས་ཆེན་འོག ཤང་ཆེ་གེ་མོས་གཙོས་པའི་ཁྲིམས་འགལ་ཉེས་གསོག་དོགས་ཅན་10ཚང་མ་བཟུང་ཐུབ་པ་དང་། གྱོད་འབྲེལ་དངུལ་སྒོར་165060འདེད་ལེན་བྱུང་བ། དངུལ་ཁང་གཱ་6དང་ཁ་པར་གཱ་6ཡར་བསྡུས་པ། ལག་ཐོགས་ཁ་པར་གྱི་དངུལ་ཁང་རྩིས་ཁྲ་5མེད་པ་བཟོས་ཡོད།

    འདྲི་ཞིབ་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ཤང་ཆེ་གེ་མོས་ཟླ་4པའི་ཚུན་དུ་གཱ་རྩིས་ལེན་མཁན་དང་མཚམས་སྦྱོར་བྱེད་མཁན་ཡིན་ཁུལ་བྱས་ཏེ། མི་གཞན་ལ་དངུལ་ཁང་གཱ་ཡི་གཱ་བདག་ངོ་སྤྲོད་ཐེངས་མང་བྱས་པ་མ་ཟད། ད་དུང་གཱ་བདག་གི་ལག་ཐོགས་ཁ་པར་དང་དངུལ་ཁང་གཱ་སྤྱད་ནས་དངུལ་བསྒྱུར་བ་དང་དངུལ་སྨར་བླངས་ནས་ཁེ་བཟང་རག་ཐབས་བྱས་པའི་བྱེད་སྤྱོད་དེ། ཆ་འཕྲིན་དྲ་རྒྱའི་ཉེས་གསོག་བྱེད་སྤྱོད་ལ་རོགས་རམ་བྱས་པའི་དོགས་གཞི་ཡོད་པའི་ཉེས་པ་གྲུབ་ཡོད། མིག་སྔར། འབྲོང་པ་རྫོང་སྤྱི་བདེ་ཅུས་ཀྱིས་གྱོད་གཞི་དེའི་ཁྲིམས་འགལ་ཉེས་གསོག་དོགས་ཅན་10པོར་ཁྲིམས་ལྟར་ཆད་པ་བཅད་ནས། གྱོད་གཞི་མྱུལ་ཞིབ་ཐག་གཅོད་མཐའ་གསལ་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།