དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • སྒྲ་སོར་བཞག་སྐབས་ཝ་བཏགས་དང་འ་ཆུང་གི་སྒྲ་འབྱིན་ཚུལ་ལ་ཅུང་ཟད་དཔྱད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-04

    སྒྲ་སོར་བཞག་གི་ཐབས་ནི་བོད་ཀྱི་སྲོལ་རྒྱུན་ལོ་ཙཱའི་གཞུང་ལུགས་ཀྱི་ཐབས་དམ་པ་བཞིའི་ཡ་གྱལ་རེད། དེར་དབྱེ་ན། ཡིག་རིགས་མི་གཅིག་པའི་སྐད་ཡིག་ཕན་ཚུན་སྒྲ་འདྲ་བར་བསྒྱུར་བ་དང་། ཡིག་རིགས་གཅིག་ཏུ་གཏོགས་ན་སྒྲ་གཟུགས་ཡོད་དོ་མཚུངས་པར་སྒྱུར་བ་རྣམ་པ་གཉིས་ཡོད་པ་ལས། སྔར་གྱི་སཾ་བོད་སྒྲ་སོར་བཞག་སྐབས་བོད་དུ་མེད་པའི་ལོག་པ་དང་མཐུག་པོའི་ཡི་གེ་ལ་སོགས་ཁ་སྣོན་བྱས་ནས་གཟུགས་བོད་ཡིག་ཡིན་པར་ཡི་གེ་ལེགས་སྦྱར་གྱི་ཡི་གེར་འབྲི་བའི་རྣམ་གཞག་བྱུང་། ཡིན་ནའང་རྒྱ་བོད་ལོ་ཙཱའི་སྒྲ་སྒྱུར་ནི་སྒྲ་འདྲ་བ་སྒྱུར་བ་ལས་ཡི་གེའི་གཟུགས་མི་གཅིག་པ་གང་ཞིག་སྒྲ་སྒྱུར་གྱི་རྣམ་གཞག་ཆ་ཚང་པོ་ཞིག་གྲུབ་མེད་པར་སྙམ། དེར་བརྟེན་རྒྱ་བོད་ལོ་ཙཱའི་འགྱུར་ཡིག་ཁག་ཏུ་ཡུལ་ལུང་མི་གཅིག་པའི་སྐད་བརྡའི་ཁྱད་པར་དབང་གིས་དངོས་པོ་གཅིག་ལ་སྒྲ་དུ་མ་བྱུང་དང་འབྱུང་མུས་སོ། སྤྱིར་རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད་དུ་སྒྲ་སྒྱུར་གྱི་ཚད་གཞི་བཀོད་རུང་། ཝ་བཏགས་དང་འ་ཆུང་གི་སྒྲ་སྒྱུར་རྣམ་གཞག་ལ་ད་དུང་ཞིབ་དཔྱོད་ཀྱི་སྟོང་ཆ་འདུག་སྙམ། དཔྱད་རྩོམ་འདིར་སྐད་བརྡ་རིག་པའི་སྒྲ་འདོན་རྣམ་གཞག་གཞིར་བཞག་སྟེ་ཝ་བཏགས་དང་འ་ཆུང་ལ་བོད་སྐད་དུ་སྒྲ་གདངས་ངེས་ཅན་རེ་ངོས་བཟུང་དུ་ཡོད་པ་གཞིར་བཞག ཝ་བཏགས་དང་འ་ཆུང་གཉིས་ལ་རྒྱ་བོད་ལོ་ཙཱའི་གནས་སྐབས་སུ་རྒྱ་བོད་སྐད་རིགས་གཉིས་ཀྱི་ཁྱད་ཆོས་མཐུན་པའི་སྒྲ་སྒྱུར་གྱི་ངེས་སྲོལ་རེ་འབྱུང་བའི་འདུན་པ་དང་བཅས་སྒྲ་སོར་བཞག་སྐབས་ཝ་བཏགས་དང་འ་ཆུང་གི་སྒྲ་འབྱིན་ཚུལ་ལ་དབྱེ་ཞིབ་ཅུང་ཟད་བྱེད་འདོད།

    ཝ་བཏགས་ནི་སཾ་བོད་ལོ་ཙཱའི་དགོས་པ་ལ་བརྟེན་ནས་བྱུང་བས་ཝ་བཏགས་ཀྱི་སྒྲ་གདངས་ཀྱང་ལེགས་སྦྱར་སྒྲ་གཞུང་དུ་བསྟན་པ་ཇི་བཞིན་ཡིན་དགོས། འོན་ཀྱང་འདིར་གསལ་བཤད་བྱེད་དགོས་པ་ཞིག་ལ་བོད་པའི་ཡིག་རྙིང་ཅུང་ཁུངས་བཙན་དག་ཏུ་ཝ་བཏགས་དང་འ་ཆུང་གཉིས་སྤྱིར་མཐོང་དཀོན་ཀྱང། སཾ་རྒྱའི་སྐད་སྒྲ་སྒྱུར་བྱེད་སྐབས་ཝ་བཏགས་དང་འ་ཆུང་གཉིས་སྤྱོད་སྲོལ་ཡོད་པ་མངོན་གསལ་རེད། དབོན་ཞང་མོལ་བའི་རྡོ་རིང་གི་ཡི་གེ་ལས། “རྒྱ་རྗེ་བཱུན་བཱུ་ཧེའུ་ཏིག་ཧྭང་ཏེ་དང(大唐文武孝德皇帝)”ཞེས་སྒྲ་ཇི་བཞིན་ཐོན་ཡོད་ལ། སྐབས་དེ་དུས་འ་ཆུང་དང་ཝ་བཏགས་ལ་ཁྱད་པར་ངེས་ཅན་ཡོད་དེ། [wun][wu]དང[huang]འདི་གསུམ་གྱི་སྒྲ་འདོན་སྟངས་མི་གཅིག་པ་ལས་ཤེས། དེང་གི་རྒྱ་སྐད་ཀྱི་སྒྲ་གདངས་ལུགས་བཞིན་བརྟགས་ན། སྔོན་མ་གཉིས་པོ་ནི་རྗེས་འཇུག་ཡོད་མེད་ཙམ་ལས[w]ལ་ལྕེ་ངོས་ཀྱི་དབྱངས[u]ཞུགས་པ་ཆ་མཚུངས་ཡིན་པ་གང་ཞིག་སྒྲའི་ང་རོ་འཕར་བ་ལྡན་པས་འདི་གཉིས་ཀྱི་སྒྲ་གཅིག་མཚུངས་ཡིན་པ་འ་ཆུང་གིས་མཚོན་ནོ། གཞུག་མ་དེ་ནི་དབྱངས[u]དང[a]མཉམ་འདུས་ཡིན་པས་ཝ་བཏགས་ཀྱིས་མཚོན་པར་བྱས་སོ།

    སཾ་རྒྱ་སྐད་རིགས་གཉིས་མི་འདྲ་བས་སཾ་བོད་ལོ་ཙཱའི་སྐབས་ཀྱི་ཝ་བཏགས་དང་འ་ཆུང་གི་སྒྲ་ཉིད་རྒྱ་བོད་ལོ་ཙཱའི་སྐབས་སུ་ཇི་བཞིན་ངོས་འཛིན་དུ་མེད། རྒྱ་བོད་ལོ་ཙཱའི་སྐབས་རྒྱ་བོད་སྐད་གཉིས་ཀྱི་ཁྱད་ཆོས་གཞིར་བཟུང་ཝ་བཏགས་དང་འ་ཆུང་གི་སྒྲ་རེ་གཏན་ལ་འབེབས་དགོས། རྒྱ་སྐད་དུ华ཞེས་པ་འདི་བོད་སྐད་དུ་ཧྭ་ལ་བསྒྱུར་བ་ཡོད་དེ། [hua]དང[hoa]ལ་མཚོན་ན་དབྱངས[u]དང[o]ཡི་ཁྱད་པར་ཙམ་རེད། ཝ་བཏགས་ཉིད་ལེགས་སྦྱར་སྒྲ་གཞུང་ལྟར་ན་ཝ་བཏགས་ཕལ་ཆེར་ན་རོ་སྟེ། ཝ་སྒྲ་ཅུང་ཟད་ལྡན་པར་བཀླག་ཅེས་གསལ་བས་ཝ་བཏགས་ཀྱི་ཐོག་མའི་སྒྲ་གདངས་ནི[oa]ལྟ་བུ་ཀློག་དགོས་པར་མངོན། འོན་ཀྱང་རྒྱ་ཡིག་གི་ཡིག་སྲོལ་དུ[oa]འདི་ལྟའི་སྒྲ་སྦྱོར་མེད་པས་བོད་སྐད་ཀྱི་སྒྲ་འབྱིན་པའི་གོམས་སྲོལ་བཞིན་བཅོས་སུ་རུང་བར་འདོད། [u]དང[o]ནི། ལྕེ་ངོས་ཀྱི་དབྱངས་ཡིན་པ་གང་ཞིག[u]ནི་ལྕེ་ངོས་ཀྱི་དབྱངས་མཐོན་པོ་གཞུག་མ་ཡིན་ལ། [o]ནི་ལྕེ་ངོས་ཀྱི་དབྱངས་མཐོ་ཙམ་གཞུག་མ་ཡིན་པས་སྒྲ་ཧ་ཅང་གི་ཐག་ཉེ་པོ་ཡོད། དེར་བརྟེན་རྒྱ་བོད་ལོ་ཙཱའི་སྐབས་ཝ་བཏགས་ཀྱི་སྐད་དོད་རྒྱ་སྐད་དུ[ua]སྒྲས་མཚོན་ན་འོས་ཞིང་འཚམ་པར་མཐོང་།

    འ་ཆུང་ནི། བོད་ཡིག་ཏུ་འ་ཆུང་མིང་གཞིའི་ཞབས་སུ་བྲིས་པ་ཡིག་རྙིང་ཁག་ཏུ་མཐོང་དུ་ཡོད་ཀྱང་། དེ་ནི་རྗེས་འཇུག་འ་ཡི་བསྡུ་འབྲིའི་རྣམ་པ་ཞིག་ལས་ལེགས་སྦྱར་གྱི་སྒྲ་གཞུང་ལྟར་གྱི་སྒྲ་ཡན་གར་བ་ཞིག་འབྱིན་དུ་མེད། འོན་ཀྱང་འ་ཆུང་གིས་ལེགས་སྦྱར་སྐད་དུ་སྒྲ་རིང་པོ་མཚོན་པས་རྒྱ་ཡིག་གི་སྒྲའི་ང་རོའམ་སྒྲ་རིང་པོ་མཚོན་ཐབས་སུ་འ་ཆུང་བཀོལ་ན་འགྲིག་སྙམ། དཔེར་ན། 和ནི་རྒྱ་ཡིག་ལྟར་ན་སྒྲའི་ང་རོ[he]རེད། [he]ཞེས་པའི་སྒྲ་འདི་བོད་སྐད་དུ[ha:]ཞེས་རིང་པོའི་ཚུལ་དུ་ཀློག་དགོས། དེ་མིན་བོད་ཡིག་ཏུ་སྒྲའི་ང་རོ་མཚོན་པའི་རྟགས་མེད་པས་མཚོན་ཐབས་བྲལ། སྐད་བརྡ་རིག་པ་ལྟར་ན་སྒྲའི་ང་རོ་ནི་སྒྲ་རིང་པོ་གང་ཞིག་སྒྲའི་མཐོ་དམའི་འགྱུར་བ་ནས་དོན་འབྱེད་པ་ཡིན་ཞིང་། གོང་གི་སྒྲ་འབྱིན་སྟངས་འདི་བོད་རྒྱའི་འགྱུར་ཡིག་ཅུང་ཡང་དག་རྣམས་ལས་གསལ་བ་ཇི་བཞིན་འགྱུར་ཡིག་གི་འགྲོས་དང་མཐུན་འདུག་སྙམ། སྤྱིར་རྒྱ་བོད་སྒྲ་སྒྱུར་གྱི་གཞི་འཛིན་ས་ནི་རྒྱ་བོད་ཤན་སྦྱར་ཚིག་མཛོད་ལས་བསྟན་པའི་རྒྱ་བོད་སྒྲ་སྒྱུར་རེའུ་མིག་ཡིན་པ་སྨྲོས་མ་དགོས་རུང་། རྒྱ་བོད་སྒྲ་སྒྱུར་རེའུ་མིག་ཏུ་ཅུང་མ་དག་པའི་སྣང་ཚུལ་ཡང་མཐོང་། མདོར་ན་རྒྱ་བོད་སྒྲ་སྒྱུར་སྐབས་ཝ་བཏགས་ལ་རྒྱ་སྐད་དུ[ua]ལྟ་བུའི་སྒྲ་ལ་ངོས་འཛིན་བྱ་དགོས་ལ། འ་ཆུང་ལ་རྒྱ་སྐད་དུ[a:]ལྟ་བུའི་སྒྲ་ལ་ངོས་བཟུང་ན་ཤིན་ཏུ་འོས་ཤིང་འཚམ་པར་འདོད། གཤམ་དུ་སྒྲ་སོར་བཞག་སྐབས་དོ་སྣང་བྱེད་དགོས་པ་འགའ་ཞིག་བརྗོད་ན།

    གཅིག་ནི་སྒྱུར་མཁན་རང་གི་འདོད་བློ་ལྟར་མ་བསྒྱུར་བར་མདོ་དབུས་ཁམས་གསུམ་གྱི་ཁ་སྐད་ཀྱི་རྒྱ་ལས་གྲོལ་ཏེ། སྒྲ་གདངས་ཀྱི་ངོ་བོ་རྩ་བར་བཟུང་ནས་སྒྱུར་བྱེད་སྐད་དུ་སོར་བཞག་གི་གཏན་སྲོལ་ཚན་རིག་དང་མཐུན་ཞིང་གཅིག་གྱུར་རང་བཞིན་གྱི་ཕྱོགས་སུ་གོམ་ཁ་སྤོ་དགོས།

    གཉིས་ནི་དེ་སྔོན་གཏན་ལ་ཕབ་ཟིན་པའི་རྒྱ་བོད་ཤན་སྦྱར་གྱི་སྒྲ་སྒྱུར་རེའུ་མིག་དང་རྒྱལ་སྤྱིའི་སྒྲ་རྟགས་ཇི་བཞིན་སྒྱུར་བྱའི་སྐད་ཀྱི་སྒྲ་གདངས་ཇི་བཞིན་སྒྱུར་དགོས་པ་དང་། མ་ཡིག་གི་སྒྲ་དང་ཐག་ཉེ་ཤོས་དེ་འགྱུར་ཡིག་ཏུ་ཕབ་ན་ལོ་ཙཱའི་དཀའ་ཁག་མང་པོ་མ་བཤིགས་རང་གྲོལ་དུ་འགྲོ་ངེས་རེད།

    གསུམ་ནི་སྒོས་སུ་ད་ཐེངས་ཀྱི་ཝ་བཏགས་དང་འ་ཆུང་གི་སྒྲ་སོར་བཞག་གི་གནད་དོན་ལ་གཅིག་ཤེས་ཀུན་གྲོལ་གྱི་ནུས་པ་ཡོད་དེ། གནའ་བཟང་དེང་སྤྱོད་ཀྱི་སྲོལ་རྒྱུན་བཟང་པོའི་རྒྱུན་འཛིན་དང་། བོད་ཡིག་གི་རྩ་བའི་སྒྲོམ་གཞི་ལ་མི་གནོད་པའི་གསར་གཏོད་ཀྱི་ཆ་ལྡན་པས། རྒྱ་བོད་ལོ་ཙཱའི་འགལ་བའི་གནད་དོན་སེལ་བའི་གཞུང་ལུགས་ཀྱི་གཞི་འཛིན་ས་གྲུབ་པར་མཐུན་རྐྱེན་བསྐྲུན་སྲིད་པས་ལོ་ཙཱའི་བགྱི་བ་ལྷུར་དུ་ལེན་མཁན་ཀུན་གྱིས་དོ་སྣང་བྱེད་དགོས་པར་རིགས་སོ།

    (བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་2021ལོའི་ཀྲུང་གོ་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་གི་ཤེས་རམས་ཞིབ་འཇུག་སློབ་མ། རྒྱ་བོད་ལོ་ཙཱའི་ཁ་ཕྱོགས། ཚེ་གཡང་འཇིགས་མེད)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།