中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། བོད་ཡིག་གི་རྩིས་འཁོར་ཡིག་གཟུགས་འགྲེམ་སྟོན་བྱས་པ།
དུས་ཚོད།2023-07-19 15:20:44     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
\

    ཀན་ལྷོ་ཁུལ་རིག་གནས་ཁང་གིས་གཙོ་སྒྲུབ་བྱས་པ་དང་། འཛོམས་ས་རིག་གནས་ལས་སྒྲུབ་ཁང་དང་ཚན་ཡ་ལས་སྒྲུབ་ཁང་གིས་སྒྲུབ་འགན་ཁུར་བ། རྩང་ཕུན་ཚོགས་དབང་རྒྱལ་གྱིས་ཇུས་འགོད་བྱས་པའི་བོད་ཡིག་གི་རྩིས་འཁོར་ཡིག་གཟུགས་ཀྱི་འགྲེམ་སྟོན་བྱ་འགུལ་ཀན་ལྷོ་ཁུལ་རིག་གནས་ཁང་གི་སུམ་ཐོག་ནས་སྤེལ།
\

    ཐེངས་འདིའི་འགྲེམ་སྟོན་ནི། འཛོམས་ས་རིག་གནས་དབུ་ཚུགས་པའི་ལེགས་སྐྱེས་ཐོག་མ་དེ་ཡིན། ཕུན་ཚོགས་དབང་རྒྱལ་དང་མཉམ་འབྲེལ་བྱས་ཏེ་བོད་ཡིག་གི་རྩིས་འཁོར་ཡིག་གཟུགས་ཀྱི་འགྲེམ་སྟོན་ཐོག་མ་དེ་ཀན་ལྷོ་རུ་སྤེལ་བ་ནི། ཇུས་འགོད་པ་རྩང་ཕུན་ཚོགས་དབང་རྒྱལ་གྱིས་ཇུས་འགོད་བྱས་པའི་བོད་ཡིག་གི་རྩིས་འཁོར་ཡིག་གཟུགས་ཀྱི་འགྲེམ་སྟོན་ཐོག་མ་ཡིན་པ་དང་། འཛམ་གླིང་ཐོག་གི་རྒྱལ་སྤྱིའི་གཅིག་གྱུར་ཨང་སྒྲིག་ཡིག་གཟུགས་ཕྱོགས་བསྡུས་འགྲེམ་སྟོན་ཐོག་མའང་ཡིན་ལ། བོད་ཡིག་གི་ཡིག་གཟུགས་ལ་རྒྱུས་ལོན་དང་ཁྱབ་བསྒྲགས། རྩིས་འཁོར་ཡིག་གཟུགས་ཀྱི་སྣ་མང་རང་བཞིན་ལ་རོལ་མྱོང་བྱ་ཆེད་བསྒྲུབས་པ་ཡིན།
\

    བོད་ཡིག་གི་རྩིས་འཁོར་ཡིག་གཟུགས་ཧ་ཅང་མང་བོ་འདུག་མོད། ཡིག་གཟུགས་དེ་དག་ཕྱོགས་བསྡུ་དང་དེའི་སྐོར་ལ་ཞིབ་འཇུག་བྱས་ཏེ། ང་ཚོས་ཡིག་གཟུགས་འདེམ་སྐབས་ཟུར་ལྟ་བྱེད་ཆོག་པའི་ལག་དེབ་ཅིག་མི་འདུག་པས། མི་མང་བོས་བོད་ཡིག་ལ་རྩིས་འཁོར་ཡིག་གཟུགས་ཧ་ཅང་མང་བོ་ཡོད་པ་དང་།  སྲོལ་རྒྱུན་གྱི་ཡིག་གཟུགས་ལ་དཔེ་བལྟས་པས། རིགས་དང་རྣམ་པ།  ཁྱད་ཆོས་གྱ་ནོམ་པ་ཡོད་པའང་མི་ཤེས་ཚོད་རེད།  དེར་གཞིགས་ནས་རྩང་ཕུན་ཚོགས་དབང་རྒྱལ་གྱིས་ལོ་ངོ་གཉིས་ལྷག་གི་རིང་ལ་བོད་ཡིག་གི་རྩིས་འཁོར་ཡིག་གཟུགས་འཚོལ་བསྡུ་དང་ཞིབ་འཇུག  རྩིས་འཁོར་ཡིག་གཟུགས་ཀྱི་གནས་སྟངས་དང་རིགས་སྣ། ཡིག་གཟུགས་རྣམས་ལ་ཞིབ་སྡུར་དང་དབྱེ་ཞིབ་བཅས་བྱས་ཏེ། བོད་ཡིག་གི་རྩིས་འཁོར་ཡིག་གཟུགས་ཀྱི་ཟུར་ལྟའི་ལག་དེབ་གཉིས་སྒྲིག་གིན་འདུག
\

ཡིག་གཟུགས་འགྲེམ་སྟོན།
 
\
\

    རྩང་ཕུན་ཚོགས་དབང་རྒྱལ་གྱི་ཞིབ་འཇུག་གི་གྲུབ་འབྲས་ལྟར་ན།  ད་སྔ་བོད་ཡིག་གི་རྒྱལ་སྤྱིའི་གཅིག་གྱུར་ཨང་སྒྲིག་ཡིག་གཟུགས138འདུག་ལ། དེ་དག་ལ་ཡིག་ཚུགས་སྣ་ཁ258ཙམ་འདུག  དེ་རྣམས་རིགས་སུ་བཀར་ན། དབུ་ཅན་གྱི་ཡིག་གཟུགས་མི་འདྲ་བ85དང་། དབུ་མེད་ཀྱི་ཡིག་གཟུགས47ཡོད་པ་དང་། གཞན་ལཉྫ་དང་ཝརྟུ། ཞང་ཞུང་སྨར་ཡིག ཧོར་ཡིག་ལ་སོགས་བོད་ཡིག་གི་ཡིག་རིགས6འདུག 
\
\

    བོད་སྐད་ལ་རང་གི་ཡི་གེ་ཡོད་པ་མ་ཟད་ལོ་རྒྱུས་རྒྱུན་རིང་ཞིང་། ཡིག་གཟུགས་སྣ་ཚོགས་ཡོད་པ་དང་། བོད་ཡིག་ལས་མཆེད་པའི་འབྲུག་ཡུལ་གྱི་རྫོང་ཁ་དང་། སྦལ་ཏི་དང་ལ་དྭགས། འབྲས་ལྗོངས་སུ་བཀོལ་བའི་ཡི་གེ་ལས་གཞན། བོད་ཡིག་ཐོག་མཛད་པའི་ཧོར་ཡིག་སོགས་ཡོད་པ་ནི་ད་ལྟའང་མིག་མཐོང་ལག་ཟིན་རེད། ཡོངས་གྲགས་སུ་དུས་རབས་བདུན་པར་སློབ་དཔོན་ཐོན་མིས་བོད་ཡིག་གསར་མཛད་གནང་བ་དང་། བོད་སྐད་ལ་རང་ཡིག་མེད་པ་ནས་གསར་མཛད་དང་ཡོད་པ་ནས་གསར་བཏོད། དུས་རབས་བཅོ་ལྔ་ཙམ་བརྒྱུད་དེ། མཐར་ང་ཚོའི་བརྡ་འཕྲིན་དང་གློག་རྡུལ་གྱི་དུས་རབས་འདིར་སླེབས་པ་རེད། ད་ལྟ་ཡང་བོད་ཡིག་ལ་དགའ་ཞེན་དང་དོ་སྣང་བྱེད་མཁན་མང་བོས་བོད་ཡིག་གི་རྩིས་འཁོར་གྱི་ཡིག་གཟུགས་མང་བོ་བཟོས་འདུག་ལ། དེ་དག་མང་ཆེ་བ་ནི་རྒྱལ་སྤྱིའི་གཅིག་གྱུར་གྱི་ཨང་སྒྲིག་Unicode ཡིག་གཟུགས་ཡིན་པས། ཡི་གེ་འདི་ཉིད་དུས་རབས་ཀྱི་རྗེས་ཆོད་པ་དང་བརྡ་འཕྲིན་གསར་བརྗེ་ཡི་རྗེས་ཆོད་པ་རེད།།
(གསར་འགོད་པ་བཀྲ་ཤིས་གཡང་མཚོ་དང་བྲག་དཀར་ཚེ་རིང་གིས།)

རྩོམ་སྒྲིག་པ། ལྷ་ཁོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།