ཞི་ཅིན་ཕིང་གིས་བྷང་ག་ལ་རྒྱལ་ཁབ་ཀྱི་བྱིས་པ་ཨ་ལི་ཧྥ་ཆིན་ལ་འཕྲིན་ལན་སྤྲིངས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བྷང་ག་ལ་རྒྱལ་ཁབ་ཀྱི་བྱིས་པ་ཨ་ལི་ཧྥ་ཆིན་ལ་འཕྲིན་ལན་སྤྲིངས་ནས། ཁོ་མོར་སློབ་སྦྱོང་ལ་འབད་བརྩོན་དང་ཕུགས་འདུན་བརྩོན་བསྙེགས་ཀྱིས་ཀྲུང་བྷང་སྲོལ་རྒྱུན་མཛའ་བརྩེ་རྒྱུད་འཛིན་ལེགས་པོ་བྱེད་དགོས་པའི་སྐུལ་ལྕག་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཆིན་གྱིས་འཕྲིན་ཡིག་ནང་བཤད་པའི་ཉམས་མྱོང་དངོས་ནི་ཀྲུང་བྷང་མཛའ་བརྩེའི་གསོན་ཉམས་ལྡན་པའི་དོན་དངོས་རེད། ཀྲུང་གོ་དང་བྷང་ག་ལའི་མི་དམངས་ནི་གནའ་ནས་བཟུང་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ་ཡིན་ལ། ལོ་ངོ་སྟོང་ཕྲག་གི་མཛའ་བརྩེའི་འབྲེལ་འདྲིས་ཀྱི་ལོ་རྒྱུས་ལྡན། ལོ་ངོ600ལྷག་གི་ཡར་སྔོན་དུ། ཀྲུང་གོའི་མཚོ་འགྲུལ་བ་ཆེན་མོ་ཀྲེན་ཧོའི་གྲུ་གཟིངས་ཐེངས་གཉིས་ལ་བྷང་ག་ལར་སླེབས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་མཛའ་བརྩེའི་ས་བོན་གཏོར་ཡོད། ལོ་ངོ600ལྷག་གི་རྗེས་སུ། ཀྲུང་གོའི་མཚོ་དམག་གི་ཞི་བདེའི་དམག་གྲུ་རྟགས་ཅན་གྱི་སྨན་གྲུས་བྱམས་བརྩེའི་ལྷག་བསམ་བསྣམས་ནས་མཚོ་སྐྱོད་བྱས་ཤིང་། ཀྲུང་གོའི་བུད་མེད་དམག་མིའི་སྨན་པས་ཅི་ཏ་མཚོ་འགག་ནས་ཆིན་གྱི་ཨ་མར་རོགས་སྐྱོར་བྱས་ཏེ་ཉེན་ཁ་ལས་བརྒལ་བ་དང་བདེ་བླག་ངང་བཙའ་སྐྱེས་ཐུབ་པས། ཆིན་གྱི་ཨ་ཕས་བྱིས་པ་ལ་བྷང་ག་ལའི་སྐད་ཀྱི་ཀྲུང་གོ་ཞེས་པའི་མིང་བཏགས་ནས། ཀྲུང་གོ་དང་བྷང་ག་ལའི་མི་སེམས་འགུལ་བའི་ལེའུ་གསར་བ་བརྩམས་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཆིན་གྱིས་ནར་སོན་རྗེས་ཀྲུང་བྷའི་མཛའ་བརྩེའི་ཕོ་ཉ་བྱེད་རྒྱུ་དང་། མ་འོངས་པར་ཀྲུང་གོར་གསོ་རིག་སློབ་སྦྱོང་བྱས་ནས“ཀྲུང་གོའི་མ་ཡུམ”ལྟར་སྲོག་སྐྱོབ་རྨས་སྐྱོར་བྱེད་རྒྱུའི་ཕུགས་འདུན་བཅངས་པ་ཤེས་པས། ང་རང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཆིན་གྱིས་ལང་ཚོར་གཅེས་སྤྲས་དང་སློོབ་སྦྱོང་ལ་འབད་བརྩོན་བྱས་ནས་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་པ་དང་། ཁྱིམ་ཚང་ལ་དྲིན་གཟོ་དང་སྤྱི་ཚོགས་ལ་ཞབས་ཞུ། མེས་རྒྱལ་ལ་དྲིན་ལན་འཇལ་རྒྱུའི་རེ་བ་ཡོད། དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར། ཆིན་གྱི་ལུས་ཕུང་བདེ་ཐང་དང་ཁྱིམ་ཚང་བདེ་སྐྱིད། སློབ་སྦྱོང་ཡར་རྒྱས་བཅས་ཡོང་བའི་སྨོན་འདུན་ཞུ།

ཨ་ལི་ཧྥ་ཆིན་ནི2010ལོར་སྐྱེས་ཤིང་། དེའི་ཨ་མར་སྙིང་ནད་ཚབས་ཆེན་ཕོག་ནས་ཕྲུ་གུ་བཙའ་དཀའ་བར་གྱུར་ཏེ་ཚེ་སྲོག་གི་ཉེན་ཁ་བྱུང་། སྐབས་དེར་བྷང་ག་ལའི་ཅི་ཏ་མཚོ་འགག་དུ་འཚམ་འདྲི་བྱེད་བཞིན་པའི་ཀྲུང་གོའི་མཚོ་དམག་ཞི་བདེའི་དམག་གྲུ་རྟགས་ཅན་གྱི་སྨན་གྲུ་ལ་རོགས་སྐྱོར་གནང་བའི་བརྡ་འབྱོར་རྗེས། དམག་མིའི་སྨན་པ་མངགས་ནས་ས་གནས་ཀྱི་སྨན་ཁང་དུ་བསྐྱོད་དེ། གནོན་ཤུགས་ཆེན་པོས་གཤག་བཙའི་གཤག་བཅོས་བྱས་མཐར་མ་བུ་ཉེན་ཁ་ལས་ཐར། བཀའ་དྲིན་ཞུ་ཆེད། ཁོ་མོའི་ཨ་ཕས་ཆིན(Chin)ཞེས་བྷང་ག་ལའི་སྐད་ཀྱི་ཀྲུང་གོ་ཞེེས་པའི་མིང་བཏགས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།