ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དོན་ཆེན་མེ་ལོང་།

ཀྲུང་ཕྱིའི་སྐུ་མགྲོན་དང་ས་ག་ཟླ་བ་་་་

2023-05-23 14:37:00     责编:娜科

     “ཁྱེད་ཚོ་གང་ནས་གནས་མཇལ་དུ་ཡོང་བ་ཡིན།” “ང་ཚོ་གཞིས་རྩེ་ནས་ཡིན། ས་ག་ཟླ་བ་ཤར་བས་ང་ཚོ་ནང་མི་དྲུག་པོ་ཚང་མ་སླེབས་ཡོད།”  ཟླ་5ཚེས་20ཉིན། 2023ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་སུ་ཞུགས་མཁན་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ལྷ་སའི་བར་སྐོར་དུ་གཟིགས་སྐོར་གནང་སྐབས།  རྒྱལ་ཁོངས་དབྱིན་ཇི་ནས་ཡིན་པའི་ཁེ་མ་ཁའེ(Michel Crok)ཡིས་བར་སྐོར་དུ་འཕྲད་པའི་བོད་བརྒྱུད་ནང་བསྟན་གྱི་དད་ལྡན་མང་ཚོགས་དང་གོང་གསལ་གྱི་གླེང་མོལ་གནང་བ་རེད། 

 

 

     དེ་ཉིན་བོད་ཟླ་བཞི་པའི་ཚེས་གཅིག་དང་ཏག་ཏག་འཁེལ་ཞིང་། བོད་ལྗོངས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ཆོས་ལུགས་བྱེད་སྒོ་ས་ག་ཟླ་བ་བསུས་ཡོད། བོད་ཟླ་བཞི་པར་ས་ག་ཟླ་བ་ཞེས་ཀྱང་འབོད་པ་དང་། སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་བལྟམས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་པའི་ཟླ་བ་ཁྱད་འཕགས་ཤིག་ཡིན། 

    ནེ་པ་ལ་དང་། འབར་མ། ཧྥི་ལི་ཕིན། མོ་ཙམ་པི་ཁེ། ཧྥེ་ཅི། ཝེ་ནེ་ཙུའེ་ལ། ཧིན་རྡུ་ཉི་ཞི་ཡ། བྷང་ག་ལ་སོགས་ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་མང་པོའི་གཞུང་ཚབ་ཆེན་མོ་དང་གཞུང་ཚབ་ཕོ་ཉ། དེ་བཞིན་ཀྲུང་ཕྱིའི་སྐུ་མགྲོན་གྱིས་དེ་ཉིན་ད་དུང་ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་ལ་གཟིགས་སྐོར་གནང་བ་རེད། 

 

 

     “གཙུག་ལག་ཁང་གི་ཚོམས་ཆེན་དུ་རྒྱ་བཟའ་ཀོང་ཇོས་གངས་ལྗོངས་ས་མཐོར་བསྣམས་ཕེབས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་དགུང་ལོ་12ཅན་གྱི་སྐུ་བརྙན་བཞུགས་ཡོད། ད་ཆ་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་གི་མཆོད་འབུལ་བྱ་ཡུལ་དུ་གྱུར་ཡོད”ཅེས་གཙུག་ལག་ཁང་གི་དགེ་འདུན་པ་བསྟན་འཛིན་གྱིས་དེ་གར་གཟིགས་སྐོར་ལ་ཕེབས་པའི་ཀྲུང་ཕྱིའི་སྐུ་མགྲོན་ཚོར་གཙུག་ལག་ཁང་གི་ལོ་རྒྱུས་ངོ་སྤྲོད་ཞུས་པ་དང་།  སྐུ་མགྲོན་ཚོས་ཀྱང་བོད་བརྒྱུད་ནང་བསྟན་ཆོས་ལུགས་གྱི་གོམས་སྲོལ་ལྟར་མཇལ་སྐོར་ཞུས་ཡོད།  

     གཙུག་ལག་ཁང་གི་ཐང་ཆེན་དུ་སྐུ་མགྲོན་ཚོས་ད་དུང་དད་ལྡན་མང་ཚོགས་མི་ཉུང་བ་ཞིག་གིས་ཕྱག་འཚལ་ནས་མཆོད་མཇལ་ཞུས་པ་མཐོང་། སི་ཁྲོན་འབའ་ཐང་ནས་ཡིན་པའི་དད་ལྡན་མང་ཚོགས་ཉི་མ་ནི་ད་ལོ་ལྷ་སར་གནས་མཇལ་ལ་ཡོང་ཐེངས་གསུམ་པ་རེད། ཁོང་གིས་གསར་འགོད་པར“ངས་རླངས་འཁོར་བཏང་སྟེ་ཁྲོན་བོད་གཞུང་ལམ་བརྒྱུད་དེ་བོད་ལྗོངས་ལ་ཡོང་བ་ཡིན། ས་ག་ཟླ་བ་མཇུག་འགྲིལ་རྗེས་འབའ་ཐང་དུ་ཕྱིར་ལོག་རྩིས་ཡོད”ཅེས་བརྗོད།

 

 

   ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཟླ་5ཚེས་16ཉིན་གནམ་གྲུར་བཞུགས་ནས་ཉིང་ཁྲིར་འབྱོར་བ་དང་། སྔ་རྗེས་སུ་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོ་དང་། མོན་པ་རིགས་ཀྱི་གྲོང་ཚོ། བོད་ཀྱི་ཤར་ལྷོའི་རིག་གནས་ཤུལ་བཞག་རྟེན་རྫས་བཤམས་མཛོད་ཁང་། དེ་བཞིན་ཉིང་ཁྲི་གྲོང་ཁྱེར་གྱི་སློབ་ཆུང་གཉིས་པ་སོགས་སུ་གཟིགས་སྐོར་འཚམས་འདྲི་ཞུས་པ་དང་། ཟླ་5ཚེས་18ཉིན་ས་མཐོའི་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་ལ་བཞུགས་ཏེ་ལྷ་སར་བསྐྱོད་ཡོད།

    ཀྲུང་གོར་བཅའ་སྡོད་ཝེ་ནེ་ཙུའེ་ལའི་གཞུང་ཚབ་ཆེན་མོ་གཡོད་ཧྥུའུ་ལེ་ཏ་ཡིས་ གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། ང་རང་བོད་ལྗོངས་སུ་སླེབས་ཐེངས་དང་པོ་ཡིན། ཉིན་འདི་དག་རིང་ང་ཚོས་སློབ་གྲྭ་ཁག་གཅིག་དང་རྟེན་རྫས་བཤམས་མཛོད་ཁང་ལ་ལྟ་སྐོར་བྱས་ནས་སློབ་མས་བོད་ཀྱི་རིག་གནས་སློབ་སྦྱོང་དང་རྒྱུན་འཛིན་བྱེད་པ་མཐོང་བྱུང་། ཀྲུང་གོ་སྲིད་གཞུང་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོང་གནང་བ་དེས་ང་ཚོར་བག་ཆགས་ཟབ་མོ་བཞག་བྱུང་ཞེས་གསུངས་པ་རེད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག གཡུ་སྒྲོན།

སྒྲིག་སྒྱུར། འབྲུག་འཚོ་སྐྱིད།

中央广播电视总台 央广网 版权所有

ཀྲུང་ཕྱིའི་སྐུ་མགྲོན་དང་ས་ག་ཟླ་བ་་་་

ཀྲུང་གོར་བཅའ་སྡོད་ཝེ་ནེ་ཙུའེ་ལའི་གཞུང་ཚབ་ཆེན་མོ་གཡོད་ཧྥུའུ་ལེ་ཏ་ཡིས་ གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། ང་རང་བོད་ལྗོངས་སུ་སླེབས་ཐེངས་དང་པོ་ཡིན།