སྙན་ངག་ཡོད་པས། ང་རང་ནམ་ཡང་ཁེར་རྐྱང་མིན་ནོ།།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2023 ལོའི་ཟླ 5 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། »སྙན་ངག་ཡོད་པས། ང་རང་ནམ་ཡང་ཁེར་རྐྱང་མིན་ནོ།།
སྙན་ངག་ཡོད་པས། ང་རང་ནམ་ཡང་ཁེར་རྐྱང་མིན་ནོ།།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/5/21ལྟ་ཀློག (1510)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༈སྙན་ངག་ཡོད་པས། ང་རང་ནམ་ཡང་ཁེར་རྐྱང་མིན་ནོ།།

(ཞར་བཀོད་ཚན་པ་གཉིས།)

གཡུ་རྔོག་ལུང་རྟོགས།

བྲག་དཀར་རྟ་སོའི་གླུ་བ་དྲན།།

ཡར་ཀླུང་ཁོག་གི་གཞས་དག་དྲན།།

ཁོ་བོ་བཞུད་ཚེ་སྙན་ངག་ཀྱང་།།

ནུབ་པར་སྨྲ་བའི་རིགས་སྨྲའི་གཙོ།།

ཀློང་ཆེན་པ་ཡི་སྙན་ངག་དྲན།།

ཤེས་རབ་བྱམས་བརྩེ་རས་གཟན་གྱིས།།

རྡོག་པར་དཀྲིས་པའི་རྒྱལ་ཁམས་པ།།

བདག་ཅག་སྙིང་གི་མེས་པོ་སྟེ།།

ཞབས་དཀར་པ་ཡི་གླུ་ཡང་དྲན།།

ཚིག་ལ་སྙན་ཆའི་རོལ་དབྱངས་འཕྱུར།།

དོན་ལ་ཟབ་རྒྱས་སྙིང་གིས་ཕྱུག །

འཆར་སྒོ་འབྱེད་པའི་ལྡེ་མིག་སྟེ།།

དཔལ་སྤྲུལ་དགེ་ཆོས་གླུ་ཡང་དྲན།།

ཐོས་བརྩོན་སྡུག་བཙུར་མ་ཡིན་པར།།

མགྲིན་པའི་རྩ་མདུད་གྲོལ་བ་ལས།།

སྙན་འགྱུར་གླུ་དབྱངས་གྱེར་པ་ལ།།

རང་དབང་འབྱོར་བ་དག་ཀྱང་དྲན།།

ཡིད་ལ་སྐད་ཅིག་གིས་འཁྲུངས་ཀྱང་།།

ཡི་གེ་ལ་ནི་མ་འཁོད་པའི།།

སྙན་ངག་དག་ཀྱང་དྲན་འོངས་ཏེ།།

བདག་གི་ལུས་ནི་ཞིག་ལ་རྩོམ།།

སྙན་ངག་ཅེས་པ་ཚོར་བ་ཡི།།

ཁ་དོག་ཅིག་གི་འོད་ཟེར་རེད།།

སྙན་ངག་ཅེས་པ་དྲང་བདེན་གྱི།།

སྨྲ་ལྕེ་ཞིག་གི་འཐུབ་ཚབ་རེད།།

སྙན་ངག་ཅེས་པ་སྒྱུ་འཕྲུལ་གྱི།།

ཕལ་ལས་འདས་པའི་ཆོ་འཕྲུལ་རེད།།

སྙན་ངག་ཅེས་པ་ཐར་བ་ཡི།།

ལམ་སྟེགས་འཆའ་བའི་ཐེམ་སྐས་རེད།།

"སྙན་ངག་ཅེས་པ་འཆིང་བའི་སེམས།།

རང་དབང་བདེ་བ་སྦྱིན་པ་ཡིན།།"

སྙན་ངག་ཅེས་པ་གུ་ཡངས་ཀྱི།།

བློ་རྒྱ་སྤྲོས་པའི་རྩྭ་ཐང་རེད།།

སྙན་ངག་ཅེས་པ་མི་གཞི་ཡི།།

སྒལ་ཚུགས་སྲ་བའི་རྒྱུ་རྐྱེན་རེད།།

སྙན་ངག་ཅེས་པ་སྐར་མདའ་ཡི།།

གློག་ཞགས་འཁྱུགས་པའི་མཚར་སྡུག་རེད།།

སྙན་ངག་ཅེས་པ་ཐལ་གོར་གྱི།།

དཀྱིལ་དུ་འཁྲུངས་པའི་མར་ལོ་རེད།།

སྙན་ངག་ཅེས་པ་སྐྱེས་པ་ཕོའི།།

བློ་གཤོག་དང་ནི་རྔམ་བརྗིད་རེད།།

སྙན་ངག་ཅེས་པ་ཟ་མ་མོའི།།

བརྩེ་བ་དང་ནི་མིག་ཆུ་རེད།།

སྙན་ངག་ཅེས་པ་སྟོན་པ་ཡིས།།

ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དག།།

རྗེས་རབས་པ་ཡི་བགོ་སྐལ་དུ།།

བསྩལ་བའི་ལྷ་ཡི་ཕོ་ཉ་རེད།།

སྙན་ངག་ཅེས་པ་སྲོང་བཙན་གྱིས།།

མགུར་ནས་ང་ཚོ་ཕྱི་རབས་པར།།

'སྲོང'དང'སྒམ'གྱི་ཐ་སྙད་དག།།

རུས་པར་བསྟིམས་པའི་གདམས་པ་རེད།།

སྙན་ངག་ཅེས་པ་རི་ཁྲོད་ཀྱི།།

ན་བུན་གྱོན་པའི་བརྟུལ་ཞུགས་པར།།

དབྱངས་ཅན་མ་ཡིས་གནང་བ་ཡི།།

ལྟོ་གོས་གཏམ་གྱི་འཚོ་རྟེན་རེད།།

སྙན་ངག་ཅེས་པ་དགེ་ཆོས་ཀྱིས།།

དྲན་བདེན་དོན་དུ་རང་སྲོག་ཀྱང་།།

འདོར་བར་ཕོད་པའི་སྙིང་སྟོབས་ལ།།

སྐུལ་འདེད་གཏོང་བའི་ནས་ཆང་རེད།།

སྙན་ངག་ཅེས་པ་གྲྭ་རྐྱང་ཚོའི།།

ཆུ་ཁོལ་གོར་རྒྱོང་ལ་བརྟེན་པའི།།

འཚོ་བའི་ཀློང་གི་བདེ་སྐྱིད་དེ།།

ཚེ་གྲོགས་སྙིང་གི་དྭངས་མ་རེད།།

སྙན་ངག་ཅེས་པ་ཐེ་གོར( Tagore)གྱི།།

སྨྲ་རའི་ནགས་ཚལ་ལས་སྐྱེས་པའི།།

འོད་ཟེར་འཕྲོ་བའི་ཡིག་འབྲུ་སྟེ།།

གླིང་འདིའི་ངོ་སོ་བསྟོད་སྤྱད་རེད།།

སྙན་ངག་ཅེས་པ་ཕོལ་སམ (Paul Simon)གྱིས།།

སོལ་རླངས་སྒོ་ལྕགས་འབྱེད་པ་ལས།།

རང་སྲོག་འཕྲོག་པའི་གཤེད་མ་སྟེ།།

བསླུ་བྲིད་འདྲེ་ལག་རྐྱོང་སྟངས་རེད།།

སྙན་ངག་ཅེས་པ་མའེ་ཁོལ(Michael Jackson)གྱི།།

གར་སྟེགས་སྟེང་གི་འཕྱོ་སྟངས་ཏེ།།

མོ་བརྒྱའི་གཅིན་པ་འཆོར་འཇོག་ཅིང་།།

ཕོ་བརྒྱའི་ཕྲག་དོག་མཆེད་སྤྱད་རེད།།

སྙན་ངག་ཅེས་པ་ཧི་ཙི(海子)ཡིས།།

མེ་འཁོར་བཞུད་ལམ་སྟེགས་བུ་རུ།།

མགོ་བོ་བཅད་དུས་འོ་མ་ཡི།།

ངོ་བོར་འཕོས་པའི་ཟུངས་ཁྲག་རེད།།

སྙན་ངག་ཅེས་པ་དྲུང་པ་ཡིས།།

ནུབ་ཏུ་ནང་བསྟན་སྤེལ་བ་ལ།།

རྟེན་འབྲེལ་སྒོ་འཕར་འབྱེད་པ་ཡི།།

སྒྲའེ་ཡན་ནཱ(Diana J mukpo)ཡི་ཟུར་མིག་རེད།།

སྙན་ངག་ཅེས་པ་རང་གྲོལ་གྱི།།

ཆང་དང་དུ་བ་ལས་འོངས་ཤིང་།།

རྡོ་དུག་ཕོག་པའི་ཚེ་སྲོག་ལ།།

རོ་ལངས་རྒྱབ་པའི་གདོན་གཟུགས་རེད།།

སྙན་ངག་ཅེས་པ་མཛེས་མ་ཡི།།

ཟུར་མིག་དག་ཀྱང་བསྐྱུར་བྱས་ཏེ།།

 ཤོག་སྨྱུག་རུམ་པའི་སྨྱུག་ཐོགས་པའི།།

སེམས་འཕྲོག་མཛེས་མ་གཞན་ཞིག་རེད།།

སྙན་ངག་ཅེས་པ་མི་བུ་ཡི།།

སྒལ་ཚུགས་རྣོ་རུ་བསྐྲུན་སྤྱད་རེད།།

རང་ངོ་ལེགས་པར་འཕྲོད་སྤྱད་རེད།།

ཚུགས་ཐུབ་ལྟ་བ་སྐྱེ་སྤྱད་རེད།།

ཉི་ཟླའི་གཟི་བྱིན་འོད་པོ་ཆེ།།

ས་གཞི་ལ་ནི་བརྩེ་བས་འཁྱུད།།

བསིལ་འཇམ་རླུང་དང་ཆར་བ་དག། །

གདུང་བས་མ་བཟོད་སྐྱོ་གླུ་འབྱིན།།

སྣང་བའི་ཁམས་ཀྱི་ཚོར་བ་དག།།

རབ་མེད་ཆུ་བོ་བྲུག་པ་བཞིན།།

དབྱངས་དང་རམ་འདེགས་སྐྱ་བོ་ཡིས།།

འཇིག་རྟེན་ཀྱང་ནི་སྐྱ་བོར་བསྒྱུར།།

སྙན་ངག་ཡིན་མདོག་ཁ་བོ་ཡི།།

ཚིག་གི་ཚོགས་པ་མང་པོ་ཞིག།།

དུས་ཀྱི་རླབས་ལ་བསྐྱོན་པ་ཡིས།།

སེམས་ཀྱི་ཁོངས་སུ་ན་བུན་བསྐྱིལ།།

ཡིད་གཉིས་དོགས་པའི་རླུང་བུ་ལྡང་།

གློག་དང་འབྲུག་སྒྲ་དྲག་ཏུ་མཆེད།།

ཚོར་བ་ཆུ་ཡི་གཟུགས་སུ་བརྡོལ།།

ཡ་ཆུང་གངས་ཀྱི་རི་བོ་ནི།།

ན་ཟུག་དྲོད་ཀྱིས་རླངས་པར་བཞུས།།

12/09/2014


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
he7k བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
33823046
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1