འཚོལ་བཤེར།   
藏文频道
2023ལོའི་ཟླ་5ཚེས་4ཉིན།

༄༅།།མ་ཎི་སྐྱབས་ཀྱིས་བརྗོད་དོན། ཚད་གཞི་ལོན་པའི་མེ་ཟོན་འཐབ་འཛིང་པ་ཞིག་བྱེད་ཀྱི་ཡིན།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 05ཚེས་04ཉིན། 13:13】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
མ་ཎི་སྐྱབས་ཀྱིས་རོགས་སྐྱོབ་སྒྲིག་ཆས་བདག་སྐྱོང་བྱེད་བཞིན་པ།
མ་ཎི་སྐྱབས་ཀྱིས་རོགས་སྐྱོབ་སྒྲིག་ཆས་བདག་སྐྱོང་བྱེད་བཞིན་པ།
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ཉིང་དང་། ལི་ཀྲན་དབྱི། ཀྲའོ་ཡུས་ཧོ།
     ཉེ་ཆར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཁུལ་ཞིས་ཁྲོན་ལྷོ་ལམ་མེ་ཟོན་རོགས་སྐྱོབ་ས་ཚིགས་སུ། ཀྲན་ཀྲང་གི་ལས་རོགས་མ་ཎི་སྐྱབས་ཀྱིས་རྨོག་ཞྭ་གྱོན་ནས་རུ་མི་ཚོར་མེ་གསོད་ཐག་སྦུག་བེད་སྤྱོད་སྟངས་སྐོར་འགྲེལ་བཤད་རྒྱག་པ་དང་དཔེ་སྟོན་བྱེད་བཞིན་མཆིས།
     མ་ཎི་སྐྱབས་ནི་1988ལོར་སྐྱེས་པ་དང་། ཤ་རྩི་ནག་ཅིང་ལག་གཉིས་ལ་ཤ་རོས་ཁེངས་ཡོད། བོད་རིགས་གཞོན་ནུ་དེ་2005ལོར་དམག་ནང་ཞུགས་ནས་མེ་ཟོན་འཐབ་འཛིང་པ་ཞིག་ཏུ་གྱུར།
     2010ལོའི་ཟླ་4ཚེས་14ཉིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ལ་ས་ཡོམ་རིམ་པ་7.1བརྒྱབ་པ་དང་། མ་ཎི་སྐྱབས་ཀྱིས་འཕྲལ་དུ་དམག་འཐབ་ནང་ཞུགས་རྒྱུའི་རེ་འདུན་ཞུས་པ་དེ་ནི་ཁོང་གིས་རོགས་སྐྱོབ་ཀྱི་ལས་འགན་གལ་ཆེན་སྒྲུབ་ཐེངས་དང་པོ་རེད། “ས་གནས་ས་ཐོག་ནས་ཛ་དྲག་གི་རྣམ་པ་མཐོང་བ་ནས་རོགས་སྐྱོབ་བྱེད་པའི་བར་གྱི་བབ་བརླིང་ནི་སྐད་ཅིག་རང་རེད”ཅེས་མ་ཎི་སྐྱབས་ཀྱིས་དྲན་གསོ་བྱེད་བཞིན་བརྗོད།
     སྐབས་དེར། ཡུལ་ཤུལ་ཀྲོའུ་ལས་རིགས་ལག་རྩལ་སློབ་གྲྭར་དགེ་རྒན་ཞིག་གིས་ང་ཚོའི་ཕྱོགས་སུ་རྒྱུག་ཡོང་ནས“ཁང་པའི་ནང་ད་དུང་མི་ལུས་འདུག”ཅེས་སྐད་ཆེན་པོ་བརྒྱབ། སློབ་ཁྲིད་ཐོག་ཁང་དེ་བརྡིབས་པ་དང་ཡོམ་འཕྲོ་ཡང་ཡང་རྒྱག་གི་ཡོད། ཡིན་ནའང་མ་ཎི་སྐྱབས་དང་འཐབ་གྲོགས་ཚོས་ཉེན་ཁར་མ་འཛེམས་པར་ལྕགས་ཁྱེམ་དང་འཇོར་སོགས་འཁྱེར་ནས་འཚོལ་སྐྱོབ་བྱས། ཁོང་གི་ལག་པར་ལྕགས་རྩིབ་ཀྱིས་རྨ་བཟོས་ཀྱང་རྨ་རས་སྟབས་བདེ་ཞིག་དཀྲིས་རྗེས་མུ་མཐུད་རོགས་སྐྱོབ་ལས་ལ་གཞོལ།
     བསྟུད་མར་ཆུ་ཚོད་བཅུ་ལྷག་ཙམ་འཚོལ་སྐྱོབ་བྱས་པས། མ་ཎི་སྐྱབས་དང་འཐབ་གྲོགས་ཚོས་སྲོག་ཉེན་ཡོད་པའི་མི་ཞིག་སྐྱབས་ཐུབ་པ་བྱུང་ཡོད། “ཞིག་རོའི་ཁྲོད་ནས་རྨས་མ་ཕྱིར་དབོར་ཡོང་བ་མཐོང་སྐབས་དཀའ་ལས་རྒྱག་རིན་འདུག་སྙམ་བྱུང”
     སྐབས་དེ་དུས་ཁོང་དང་འཐབ་གྲོགས་ཚོས་ཡུལ་ཤུལ་གེགས་ཁུལ་དུ་ཉིན་12བསྟུད་མར་འབད་འཐབ་བྱས་པ་རེད།
     མེ་ཟོན་རོགས་སྐྱོབ་སྒྲིག་སྲོལ་གྱི་བླང་བྱ་ལྟར། མེ་སྐྱོན་ཐོན་སར་འབྱོར་རྗེས་མེ་ཟོན་པའི་དམག་འཐབ་གྲ་སྒྲིག་གི་དུས་ཚོད་སྐར་ཆ་ཉི་ཤུ་ལྷག་ཙམ་ལས་མེད་པ་དེ་ཐོག་ནས་རིང་ཚད་ལ་སྨི་20ཡོད་པའི་མེ་གསོད་ཐག་སྦུག་ངེས་པར་དུ་སྐར་ཆ་ཁ་ཤས་ནང་འཁྲིད་ཚར་བ་བྱེད་དགོས་པ་མཚོན་གྱི་ཡོད། དུས་ཚོད་ཐུང་ཤོས་ནང་མེ་གསོད་ཐག་སྦུག་སྦྲེལ་མཐུད་གནད་ལ་འཁེལ་པོས་ལེགས་སྒྲུབ་བྱ་ཆེད། མ་ཎི་སྐྱབས་ཀྱིས་ཟས་བརྗེད་གཉིད་བྲལ་གྱིས་སྦྱོང་བརྡར་ཡང་ཡང་བྱེད་ཀྱི་ཡོད། “ཚང་མ་ཉིན་དགུང་ངལ་གསོ་རྒྱག་སྐབས་ངས་མེ་གསོད་ཐག་སྦུག་བཤིག་ནས་སྡོམ་པ་དང་བསྡམས་ནས་བཤིག་པའི་བརྒྱུད་རིམ་སྦྱོང་བརྡར་ཡང་ཡང་བྱེད་ཀྱི་ཡོད”ཅེས་མ་ཎི་སྐྱབས་ཀྱིས་བརྗོད།
     2018ལོར། སྤྱི་བདེའི་མེ་ཟོན་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་ནགས་ཚལ་དཔུང་སྡེའི་ལམ་ལུགས་སྒྱུར་བཅོས་བྱས་ནས། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་བཙུགས་པ་རེད། མ་ཎི་སྐྱབས་ཀྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་དམག་དཔུང་ནང་སྡོད་རྒྱུའི་གདམ་ག་བྱས། “‘ལྗང་གུ’ནས‘སྔོན་པོ’བར་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ‘ཏང་ལ་བློ་དཀར་སེམས་དཀར་དང་། སྒྲིག་ཁྲིམས་དམ་ནན། རང་སྲོག་བློས་གཏོང་ཕོད་པ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ’བཅས་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲིར་ནམ་ཡང་འགྱུར་བ་གཏོང་མྱོང་མེད”ཅེས་མ་ཎི་སྐྱབས་ཀྱིས་བརྗོད།
     མ་ཎི་སྐྱབས་ཀྱིས་ཚད་གཞི་ལོན་པའི་མེ་ཟོན་འཐབ་འཛིང་པ་ཞིག་བྱེད་པ་ནི་ལས་སླ་པོ་གཏན་ནས་མིན། གནོད་འཚེ་སྣ་ཚོགས་ཀྱི་རོགས་སྐྱོབ་ལས་འགན་འཁུར་བར་རིགས་ཁག་གི་རོགས་སྐྱོབ་ཤེས་བྱ་དང་རྩལ་ནུས་ཁོང་དུ་ཆུད་པར་བྱེད་དགོས་ཞེས་བརྗོད། ཉེ་བའི་ལོ་ཤས་རིང་། ཁོང་གིས་སྙིང་རུས་ཆེན་པོས་སློབ་སྦྱོང་བྱས་སྟབས་དམིགས་བསལ་རླངས་འཁོར་གྱི་ཁ་ལོ་བའི་ལག་ཁྱེར་རག་པ་དང་གྲུ་གཟིངས་གཏོང་བའི་ལག་ཁྱེར་རག་པ་མ་ཟད། ཆུ་རྐྱལ་ཡང་རྒྱག་ཤེས་ཀྱི་ཡོད།
     ལོ་18རིང་། མ་ཎི་སྐྱབས་ཀྱིས་ཡུལ་ཤུལ་གྱི“4·14”ཡོམ་འགོག་གེགས་སེལ་དང་། ཟི་ལིང་གི“4·9”འཁལ་འཐག་ཐོན་རྫས་ཐོག་ཁང་གི་མེ་སྐྱོན། ཟི་ལིང་གི“1·13”ཁྲོམ་གཞུང་ལྷོ་མའི་ཁང་པ་བརྡིབས་པའི་རོགས་སྐྱོབ་སོགས་ཀྱི་རོགས་སྐྱོབ་ལས་འགན་གལ་ཆེན་ཐེངས་900ལྷག་ཙམ་ནང་ཞུགས་པ་དང་། ཉེན་གྱར་མང་ཚོགས་120ལྷག་ཙམ་མྱུར་སྐྱོབ་བྱས་པ་དང་། མི་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པ་ཐེངས་གཉིས་བཞག་པས། སྔ་རྗེས་སུ་རྒྱལ་ཡོངས་སྤྱི་བདེའི་མེ་ཟོན་དཔུང་སྡེའི་སྔོན་ཐོན་མི་སྒེར་དང་ཀྲུང་གོའི་ལྔ་བཞི་གཞོན་ནུའི་གཟེངས་རྟགས་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་མ་ཟད། 2023ལོའི་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཀྱང་ཐོབ་པ་རེད།
     “གཟི་བརྗིད་ནི་མེ་ཟོན་རོགས་སྐྱོབ་པར་དབང་བ་དང་། ཚེ་སྲོག་དང་རྒྱུ་ནོར་མྱུར་སྐྱོབ་བྱེད་པ་ནི་ང་ཚོའི་ལས་ཀའི་དོན་སྙིང་ཆེ་ཤོས་རེད”ཅེས་མ་ཎི་སྐྱབས་ཀྱིས་བརྗོད།
 ཉིན་ཤས་གོང་། མ་ཎི་སྐྱབས(གཡས་ཀྱི་གཉིས་པ)ཀྱིས་རུ་མི་སྒྲིག་འཛུགས་བྱས་ནས་ལས་སྒོའི་སྦྱོང་བརྡར་བྱེད་བཞིན་པ།
 ཉིན་ཤས་གོང་། མ་ཎི་སྐྱབས(གཡས་ཀྱི་གཉིས་པ)ཀྱིས་རུ་མི་སྒྲིག་འཛུགས་བྱས་ནས་ལས་སྒོའི་སྦྱོང་བརྡར་བྱེད་བཞིན་པ།