ངམ་རིང་རྫོང་གད་ག་གྲོང་རྡལ་གྱི་གཉེན་སྟོན་རོལ་དབྱངས་ཀྱི་སྐོར་བཀོད་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2019-05-06 11:14:47

བོད་མིའི་ཁ་དཔེར་བཤད་པའི་ནང་གི་རྒྱལ་པོ་ནི་གཉེན་བཤད་དང་གླུའི་ནང་གི་རྒྱལ་པོ་ནི་གཉེན་གླུ་ཞེས་པ་ལྟར། བོད་ཀྱི་གཉེན་སྟོན་ནང་དུ་གཉེན་བཤད་དང་གཉེན་གླུ་ཡིས་གནས་བབ་ངེས་ཅན་བཟུང་ཡོད་ལ། གྲུབ་ཆ་ཡང་གལ་ཆེ་གྲས་ཤིག་རེད། ད་བར་གཉེན་སྟོན་ནང་གི་དམངས་སྲོལ་སྐོར་ལ་ཞིབ་འཇུག་བྱེད་མཁན་ཅུང་མང་པོ་བྱུང་ཡོད་ཀྱང་། དེའི་ནང་གི་གཉེན་གླུའི་སྐོར་ལ་ཞིབ་འཇུག་བྱེད་མཁན་ཅུང་དཀོན་པས་རྩོམ་ཡིག་འདིར་ཁོ་བོས་ས་ཡུལ་དངོས་ལ་རྟོག་ཞིབ་དང་། འབྲེལ་ཡོད་དཔྱད་གཞིའི་ཡིག་ཆ་འཚོལ་བསྡུ། དེ་བཞིན་ཡུལ་དངོས་ཀྱི་ལག་ལེན་ལ་དངོས་སུ་ཞུགས་པ་བཅས་ཀྱི་ཐབས་ལམ་ལ་བརྟེན་ནས་གཙང་སྟོད་ངམ་རིང་ཁུལ་གྱི་དམངས་སྲོལ་གཉེན་སྟོན་ནང་གི་ཕུན་སུམ་ཚོགས་པའི་གཉེན་གླུའི་རྣམ་གྲངས་དང་དེའི་རིན་ཐང་སྐོར་རགས་ཙམ་གླེང་ཡོད།

གླེང་གཞི།

སྤྱིར་འགྲོ་བ་མིའི་རིགས་ཀྱིས་བརྩི་སྲུང་དང་ཁས་ལེན་བྱེད་པའི་སྲོལ་རྒྱུན་མཛད་སྒོ་བཞི་ཡོད་དེ། བཙས་སྟོན་དང་། ན་སོ་དར་ལ་བབས་པའི་སྟོན་མོ། གཉེན་སྒྲིག་གི་སྟོན་མོ། འདས་མཆོད་བཅས་སོ། དེ་དང་ཕྱོགས་མཚུངས་སུ་རང་རེའི་བོད་དུ་འདིར་ཡང་བརྩི་སྲུང་བྱེད་པའི་མཛད་སྒོ་གསུམ་ཡོད་དེ། བཙས་སྟོན་དང་། གཉེན་སྟོན། འདས་མཆོད་བཅས་ཡིན། དེ་དག་ལས་གཉེན་སྟོན་མཛད་སྒོ་ནི་ཁྱིམ་པའི་ངོས་ནས་བརྗོད་ན་ཧ་ཅང་གལ་ཆེན་ཞིག་ཡིན་ཏེ། “མིའི་རིགས་རང་ཉིད་སྤྱི་ཚོགས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་བྱུང་བའི་ཆེས་རྨང་གཞིའི་རྣམ་པ་ནི་གཉེན་སྒྲིག་ཡིན”ཞེས་དང་། “གཉེན་སྒྲིག་ནི་ཁྱིམ་རྒྱུད་ཀྱི་རྩ་བའི་གྲུབ་ཆ་ཡིན་པ་དང་། དགའ་ཉེ་སྤུན་མཆེད་འཆམ་མཐུན་ཡོང་བའི་རྩ་བའི་རྒྱུ་རྐྱེན་ཡང་ཡིན་ལ། འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བའི་སྲོག་རྩ་དང་། རིགས་རུས་འཆོལ་བར་མི་སྤྱོད་པའི་བྱེད་ཐབས་ཤིག་ཀྱང་ཡིན”ཟེར་ལ་གཉེན་སྒྲིག་གི་ཉིན་མོ་ནི་མི་ཐོག་གི་རྩ་བ་འཛུགས་པའི་དམིགས་བསལ་གྱི་བཀྲ་ཤིས་ཉིན་མོ་ཞིག་ཀྱང་རེད།

གཉེན་སྟོན་ནང་གི་གཉེན་གླུ་ནི་གཉེན་སྟོན་མཛད་སྒོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཏེ། མཛད་སྒོའི་མགོ་མཇུག་བར་གསུམ་གྱི་བརྒྱུད་རིམ་ནང་གཉེན་བཤད་དང་། གཉེན་གླུ་ཕུན་སུམ་ཚོགས་པར་བརྟེན་ནས་མཛད་སྒོ་སྤེལ་གྱིན་ཡོད། གལ་ཏེ་གཉེན་སྒྲིག་སྐབས་སུ་གཉེན་བཤད་དང་། གཉེན་གླུ་བཅས་ཀྱི་རིག་གནས་སྒྱུ་རྩལ་དེ་དག་མེད་ན་བཀྲ་ཤིས་པའི་གཉེན་སྒྲིག་གི་བརྒྱུད་རིམ་གྲུབ་དཀའ་ལ་སྤྱིའི་འགྲོ་སྟངས་ཀྱང་ཅང་ཅང་པོར་འགྱུར་འགྲོ་ངེས་ཏེ། ས་པཎ་གྱི་གསུང་ལས། གང་ན་ཐོད་དང་སྐྲ་གསར་དང་། །གར་དང་རོལ་མོའི་སྒྲ་ཡོད་པ། །དེ་ན་མྱ་ངན་ཡོད་མིན་པས། །དེ་ཕྱིར་རོལ་མོ་བསྔགས་པ་ཡིན། །ཞེས་དང་། ཡང་བོད་ནི་གླུ་གར་གྱི་རྒྱ་མཚོ་ཆེན་པོ་ཞིག་ཡིན། གཉེན་གླུ་ནི་རྒྱ་མཚོ་དེར་འབབ་པའི་ཆུ་བོ་ཆེ་གྲས་ཤིག་ཡིན་ལ། ཆུ་བོ་ཆེན་པོ་དེ་ཡང་ཆུ་ཕྲན་མང་པོ་འདུས་པ་ལས་བྱུང་བ་ལྟར་ཡིན། འཇིག་རྟེན་གྱི་ཁ་དཔེར“བཤད་པའི་ནང་གི་རྒྱལ་པོ་ནི་གཉེན་བཤད་དང་གཉེན་གླུ་ནི་གླུའི་རྒྱལ་པོ”ཡིན་ཞེས་བརྗོད། སྤྱིར་བོད་མི་རིགས་ཀྱི་སྲོལ་རྒྱུན་གཉེན་སྒྲིག་གི་ནང་དུ་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་སྐོར་ལས་ཆོས་ལུགས་ཀྱི་རོལ་དབྱངས་དང་། དམངས་ཁྲོད་རོལ་དབྱངས་ལས་བསུ་ཆང་གི་གླུ། བཞུགས་གྲལ་གྱི་གླུ། ཕེབས་སྐྱེལ་གྱི་གླུ་བཅས་དང་། གླུ་གར་རིགས་ལས་གཞས་ཆེན། སྟོད་གཞས་དང་ཤོན་སོགས་དང་། བཤད་པ་ལ་ཕྱི་སྣོད་འཇིག་རྟེན་གྱི་བཤད་པ་དང་ནང་བཅུད་སེམས་ཅན་གྱི་བཤད་པ་རྒྱ་ཆེར་ཡོད། བོད་ཁུལ་གྱི་གཉེན་སྲོལ་ནང་གི་གླུ་གར་སྒྱུ་རྩལ་ནི་ཡུལ་སོ་སོའི་ཆོས་ལུགས་དད་མོས་དང་། འཚོ་བའི་ཐོན་སྐྱེད། ཡུལ་སྲོལ་གོམས་གཤིས། ཡུལ་སྐད་དང་། རང་བྱུང་ཁོར་ཡུག་གི་གནས་བབ་དབང་གིས་ཁྱད་པར་ཡང་སོ་སོར་མཆིས། འདིར་གཙང་སྟོད་ངམ་རིང་ཁུལ་གྱི་དམངས་སྲོལ་གཉེན་སྒྲིག་ནང་གི་རོལ་དབྱངས་སྐོར་གླེང་བར་བྱ་བ་ལ་ནང་དོན་ཆེ་བ་གསུམ་སྟེ། དང་པོ་བསུ་ཆང་སྐོར་གྱི་རོལ་དབྱངས་སྒྱུ་རྩལ་དང་། གཉིས་པ་གཉེན་བཤད་གཞུང་དངོས་ཀྱི་གླུ་གར་རོལ་དབྱངས་སྐོར། གསུམ་པ་སྐྱེལ་ཆང་སྐོར་གྱི་རོལ་དབྱངས་སྒྱུ་རྩལ་བཅས་སོ།

དང་པོ། བསུ་ཆང་སྐོར་གྱི་རོལ་དབྱངས། 

སྤྱིར་གཙང་ཁུལ་གྱི་གཉེན་སྒྲིག་རྣམ་པར་བུ་མོ་མནའ་མར་གཏོང་བ་དང་བུ་མོར་མག་པ་བསུ་བའི་གོམས་སྲོལ་ཟུང་དུ་མཆིས་ཤིང་། གཙང་ངམ་རིང་ཁུལ་དུའང་དེ་བཞིན་ནོ། བསུ་ཆང་གཉིས་པའི་སྐབས་སུ་དབྱངས་ཅན་ལྷ་མོ་དང་གཉེར་པ་ཆེ་ཆུང་གཉིས་མནའ་མའམ་ཡང་ན་མག་པ་སླེབས་སའི་ཁྱིམ་གྱི་སྒོ་ནས་སྐྱེལ་དཔོན་ཚོའི་མདུན་དུ་ཐོན་ནས་ཇ་ཆང་གླུ་དང་འདེབས་ནས་བསུ་བ་ཞུ་དགོས་པ་དང་། དེར་ཆེད་དུ་ལེན་པའི་གླུའི་མིང་ལ་མདུན་གླུ་ཞེས་ཟེར་བ་ཡིན།

གཉིས་པ། གཉེན་བཤད་གཞུང་དངོས་ཀྱི་གླུ་གར་རོལ་དབྱངས། 

1.ཆང་གཞས། 

སྐྱེལ་དཔོན་ནས་གཙོས་པའི་སྐུ་མགྲོན་ཚང་མ་བཞུགས་གྲལ་དུ་འཁོད་ཚར་བ་དང་ཁྲུང་ཞུ་མས་མཆོད་ཆང་འདྲེན་བཞིན་དུ། ཁ་དཔེར། བུ་སྐྱེས་པ་ལ་མིང་དང་ཆང་འདྲེན་པ་ལ་གཞས་ཟེར་བ་ལྟར་བཞུགས་གྲལ་དུ་ཁྲུང་གླུ་དང་། གྲལ་གཞས་སོགས་ཆང་གཞས་ཧ་ཅང་མང་པོ་ཡོད། 

2.སྟེར་བགོ་དབོར་བའི་གཞས། 

བཞུགས་གྲལ་ནས་གཟུགས་སྟོབས་ཆེ་ལ་རྣམ་པ་ཡག་པ། མིང་བཟང་བའི་ཕོ་གཞོན་བཞི་ལྔ་ཙམ་ཞིག་ཡར་ལངས་ནས་བག་མའི་རྟེན་སྐལ་རྣམས་གཟིམ་ཆུང་དུ་དབོར་དགོས་པ་ཡིན། དེའི་སྐབས་སུ་སྐལ་པ་བཟང་བའི་ཉིན་མོར་དམངས་གཞས་སྐལ་བཟང་ལགས་ཞེས་པ་དེ་ལེན་གྱི་ཡོད།

3.ལོ་ཞུ་བའི་གཞས།

དེ་ཡང་སྦྱིན་པའི་བདག་པོས་བག་མར་རྒྱུ་ནོར་རྣམས་སྟེར་ཟིན་རྗེས། གཉེར་པ་རྒན་གཞོན་གཉིས་དང་ཁྲུང་ཞུ་མ་རྣམས་ཆས་སྣ་ཚོགས་སྤྲས་ནས་བཞུགས་གྲལ་ཡོངས་ལ་ལོ་ཏོག་གི་ལྷག་མ་བསྡུ་བར་ཡོང་གི་ཡིན་ཞེས་སྟོན་ལོ་ཏོག་བསྡུ་བའི་རྣམ་པ་ཞིག་འཁྲབ་སྲོལ་ཡོད། དེ་ནི་བུ་མོ་སྟེར་མཁན་གྱི་སྦྱིན་བདག་གཏོང་ཕོད་ཆེན་པོ་འདུག་ཟེར་བའི་དོན་ཡིན།

4.སྙེ་མ་སྒྲུག་པའི་གཞས། 

ཞིང་བརྔས་ཟིན་རྗེས་མུ་མཐུད་དུ་སྙེ་མ་སྒྲུག་དགོས་པས་དེར་སྙེ་མ་སྒྲུག་པའི་གཞས་ལེན་དགོས། གཉེན་སྟོན་གྱི་བཞུགས་གྲལ་ནང་དུའང་སྦྱིན་བདག་དང་བཞུགས་གྲལ་བ་ཚོས་སྟེར་བའི་དངུལ་དང་བྱི་རིལ་སོགས་ནས་ལེན་པ་དེ་ནི་ཞིང་ཁུལ་དུ་སྙེ་མ་སྒྲུག་པའི་ཚུལ་བྱས་ནས་སྙེ་མ་སྒྲུག་པའི་གཞས་དེ་ངེས་པར་དུ་གཏོང་དགོས་སོ། 

གསུམ་པ། སྐྱེལ་ཆང་སྐོར་གྱི་རོལ་དབྱངས། 

ཆང་སའི་རྟེན་འབྲེལ་གྱི་གཉེན་སྟོན་མཇུག་འགྲིལ་བ་དང་ཁྲུང་ཞུ་མས་སྐྱེལ་དཔོན་ཚོ་ཇ་ཆང་གླུ་གར་གྱི་ཁྲོད་ནས་ཕེབས་སྐྱེལ་ཞུ་བར་གཏོང་བའི་གཞས་ལ་སྐྱེལ་གླུ་ཟེར་བ་ཡིན། 

དམངས་ཁྲོད་ཀྱི་འཚོ་བ་དངོས་ཞིབ་འབྲི་དང་། དམངས་སྲོལ་ཀྱི་རིག་གནས་མཚོན་པ། སྣ་མང་བསླབ་བྱའི་རང་བཞིན་ལྡན་པའི་གླུ་ཚིག་དང་། ཡུལ་སྐད་རང་བཞིན་དང་། ངག་ལ་གྱེར་ལེན་བདེ་ལ་སྙན་འཇེབས་ལྡན་པའི་རྟ་དབྱངས་གཉིས་ལས་གྲུབ་པའི་གཉེན་སྟོན་ནང་གི་བསུ་ཆང་དང་། གཞུང་དངོས། དེ་བཞིན་ཕེབས་སྐྱེལ་བཅས་ཀྱི་གླུ་གར་སྒྱུ་རྩལ་དེར་བརྟེན་ནས་སྲོལ་རྒྱུན་གྱི་གཉེན་སྒྲིག་བྱེད་སྒོ་དེ་རྒྱུན་བསྲིངས་བར་བྱེད་པ་ཡིན། དེས་གཅིག་ནས་དམངས་ཁྲོད་ཀྱི་རིག་གནས་མང་དག་ཅིག་མ་ཉམས་པར་མི་རབས་ནས་མི་རབས་བརྒྱུད་དར་སྤེལ་གྱི་ནུས་པ་ཐོན་པ་དང་། གཉིས་ནས་སྲོལ་རྒྱུན་གཉེན་སྒྲིག་གི་བྱེད་སྒོ་ཕུན་སུམ་ཚོགས་པོ་དེས་དམངས་ཁྲོད་དུ་གཉེན་སྒྲིག་ཁ་གྱེས་མི་འགྲོ་བའི་ནུས་པ་ཆེན་པོ་ཐོན་གྱི་ཡོད་དེ། ཉིན་དེ་དག་གི་བྱེད་སྒོ་ཆེན་པོ་དེས་བུ་དང་བུ་མོ་གཉིས་དངོས་སུ་མི་ཚེ་གཅིག་གི་གཏན་གྲོགས་སུ་གྱུར་པ་དེ་དྲིན་ཆེན་གྱི་ཕ་མ་དང་། དགའ་ཉེ་སྤུན་མཆེད། དེ་བཞིན་ཡུལ་མི་ཚང་མས་མོས་མཐུན་དང་དཔང་རྟགས་བྱས་པ་མ་ཟད། ཁ་གསལ་གཞུང་དྲང་གི་ཁྱབ་བསྒྲགས་ཀྱང་བྱས་པ་རེད། དེས་ཡུལ་མི་ཁྱིམ་མཚེས་འཆམ་མཐུན་དང་། བཟའ་ཚང་འཆམ་མཐུན། ཕྱི་རབས་ལ་མིག་དཔེ་སོགས་ཀྱི་ཐད་ལའང་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་གྱི་ཡོད། གསུམ་ནས་བྱེད་སྒོ་དེའི་ནང་འདུས་པའི་སྲོལ་རྒྱུན་གྱི་གླུ་གར་རིག་གནས་དང་། སྐད་བརྡའི་རིག་གནས། ཡུལ་གོམས་གོམས་གཤིས། རྒྱན་གོས་རིག་གནས། བཟའ་བཅའི་རིག་གནས་སོགས་ཀྱང་མཉམ་དུ་སྲུང་སྐྱོབ་ཐུབ་ཀྱི་ཡོད།

པར་ཚང་མ་ནི་ངམ་རིང་རྫོང་གད་ག་གྲོང་རྡལ་གྱི་གཉེན་སྟོན་སྐབས་ཀྱི་དཔྱད་གཞིའི་པར་ཡིན་པ།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།