འགྲམ་གྲོང་ལྷན་དུ་བཅའ་སྡོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ལས་དོན་རུ་ཁག་གིས་སྲོག་སྐྱོབ་རྨས་སྐྱོར་བྱས་པའི་སྐོར་རགས་ཙམ་བཀོད་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-05-07 09:37:44

ཟླ་5ཚེས་4ཉིན་གྱི་སྔ་དྲོ་གསར་འགོད་པ་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་བཀོད་སྒྲིག་བྱ་ཡུལ་དུ་སྐྱོད་སྐབས་རང་སྐྱོང་ལྗོངས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་གཉའ་ལམ་རྫོང་འགྲམ་གྲོང་ལྷན་དུ་བཅའ་སྡོད་ལས་དོན་རུ་ཁག(རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་མངགས་པ)གི་རུ་མི་ཚོས་གྲོང་མིར་འཚོ་བའི་མཁོ་ཆས་སྤྲོད་པ་མཐོང་བྱུང་།

ལས་དོན་རུ་ཁག་གི་སྐོར་གླེང་སྐབས་རྒས་མོ་རྣམ་རྒྱལ་སྒྲོལ་དཀར་བློ་ཡིད་ཚིམ་པོ་བྱེད་ཀྱི་འདུག ས་ཡོམ་བརྒྱབ་པའི་ཉིན་དེར་རྒན་མོ་རྣམ་རྒྱལ་སྒྲོལ་དཀར་གྱི་ལག་གཡས་པའི་མཛུབ་མོ་གསུམ་ལ་རྨ་ཁ་བཟོས་ཤིང་། དེ་ཉིན་དགོང་མོ་ལས་དོན་རུ་ཁག་གི་རུ་མི་ཕྱི་བཅོས་སྨན་པ་ཝུན་ཡུས་ཀྱིས་རྨ་ཁ་བཙེམས་ནས་སྨན་བཅོས་ཡག་པོ་བྱས་པ་རེད། ད་ལྟ་རྒན་མོ་རྣམ་རྒྱལ་སྒྲོལ་དཀར་གྱིས་མི་ཐུག་རིམ་བཞིན“ལས་དོན་རུ་ཁག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གལ་སྲིད་ལས་དོན་རུ་ཁག་མེད་ན་ངའི་ལག་གཡས་པའི་མཛུབ་མོ་རྣམས་ཤོར་སོང”ཞེས་ཤོད་ཀྱི་ཡོད་པ་རེད།

ས་ཡོམ་བརྒྱབ་རྗེས་ལས་དོན་རུ་ཁག་གིས་འགྲམ་འགག་སྒོའི་སྨན་ཁང་ལ་མྱུར་དུ་བསྐྱོད་ནས་རང་ཉིད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་སྨན་ཁང་དེའི་སྨན་པ་ཚོ་དང་མཉམ་དུ་རྨས་མ་མྱུར་སྐྱོབ་བྱས་ཡོད་པ་རེད།

“ས་ཡོམ་བརྒྱབ་རྗེས་ང་ཚོ་བཅའ་སྡོད་བྱེད་སའི་སྒོ་རྩར་ཕྲུ་གུ་པང་དུ་བཏབ་པའི་བུད་མེད་ཅིག་ངུ་བཞིན་པ་ཤེས་བྱུང་། ང་ཚོས་འཕྲལ་མར་བུད་མེད་དེའི་འཁྲིས་སུ་བསྐྱོད་ནས་ལྟ་སྐབས་ཕྲུ་གུའི་མགོ་བོར་རྡོས་རྨ་བཟོས་ཏེ་ཁྲག་བར་མེད་དོན་པ་དང་བུད་མེད་དེའི་ལག་པའང་རྨ་བཟོས་འདུག ང་ཚོས་རྨ་རས་སྟབས་བདེ་ཞིག་དཀྲིས་རྗེས་ཁོང་གཉིས་བདེ་འཇགས་ཁུལ་དུ་བསྐྱལ་བ་ཡིན”ཞེས་ལས་དོན་རུ་ཁག་གི་རུ་དཔོན་གཞོན་པ་ལིའུ་ཀྲེ་ཅོན་གྱིས་གསར་འགོད་པར་བཤད།

ས་ཡོམ་བརྒྱབ་མཚམས་ཆད་ནའང་ཡོམ་འཕྲོ་རྒྱུན་མི་ཆད་པར་བརྒྱབ་སྟེ་རི་རྩེ་ནས་འབབ་རྡོ་གྲངས་མེད་ཟག་ཀྱང་ལས་དོན་རུ་ཁག་གི་རུ་མི་ཚོས་ཉེན་ཁར་མི་འཛེམས་པར་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད། གང་ལགས་ཤེ་ན་གནོད་འཚེ་ནི་བཀའ་རྒྱ་དང་དུས་ཚོད་ནི་ཚེ་སྲོག་ལྟ་བུ་ཡིན་པས་རེད།

ས་ཡོམ་བརྒྱབ་པའི་ཉིན་གཉིས་པ་སྟེ་ཟླ་4ཚེས་26ཉིན་གྱི་སྔ་དྲོ་ས་གནས་དེ་གའི་དཔོན་དམག་གིས་རྒྱལ་ཁོངས་ནེ་པ་ལ་ནས་ཡིན་པའི་རྨས་མ་Ramབསྐྱལ་བ་རེད། “ཁོང་ང་ཚོའི་སར་སྐྱེལ་སྐབས་ལུས་པོ་ཡོངས་ཐལ་རྡུལ་གྱིས་ཁེངས་པ་དང་། མགོ་བོར་རྨ་ཆེན་པོ་གཉིས་བཟོས་པ་མ་ཟད། ད་དུང་རྨ་ཁར་གཉན་ཁ་རྒྱས་འདུག ང་ཚོས་དེ་མ་ཉིད་དུ་རྨ་ཁ་བཀྲུས་ནས་སྨན་བཅོས་བྱས་པ་དང་འབྲེལ་རྨ་རས་གསར་པ་ཞིག་ཀྱང་བརྗེས་པ་ཡིན”ཝུན་ཡུས་ཀྱིས་སྐབས་དེར་དཀོན་ཤོས་ནི་སྨན་རེད་འདུག སྲོག་སྐྱོབ་ཆེད་ང་ཚོས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བཏང་བ་ཡིན་ཞེས་བཤད་བྱུང་།

ས་ཡོམ་བརྒྱབ་པའི་ཉིན་དེར་འགྲམ་གྲོང་རྡལ་གྱི་གྲོང་མི་རྡོ་རྗེ་རི་རྩེར་དབྱར་རྩྭ་དགུན་འབུ་འཐུ་བཞིན་ཡོད། འཚོལ་སྐྱོབ་མི་སྣས་ཁོང་རྙེད་སྐབས་ཁོང་གི་མགོ་བོ་དང་ལུས་པོ་ཁྲག་གིས་འཚོས་ཤིང་། ཝུན་ཡུས་ཀྱིས་རྡོ་རྗེའི་མགོ་བོར་ལི་སྨི་8ཟིན་པའི་རྨ་ཆེན་པོ་ཞིག་བཟོས་པ་དང་ཁྲག་མང་པོ་དོན་པའི་རྐྱེན་གྱིས་སྲོག་ཉེན་ཡོད་པ་ཤེས། རྨ་ཁ་བཙེམས་ནས་སྨན་བཅོས་བྱས་པ་བརྒྱུད་རྡོ་རྗེའི་ནད་རྟགས་རིམ་བཞིན་ཡང་དུ་སོང་བ་རེད།

ས་ཡོམ་བརྒྱབ་པའི་ཉིན་དེའི་དགོང་མོ་ངལ་གསོ་བའི་ཁོམ་པ་མ་བྱུང་ཞིང་། འགྲམ་གྲོང་ལྷན་དུ་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཕུན་ཚོགས་ཀྱིས་རུ་དཔོན་གཞོན་པ་ལིའུ་ཀྲེ་ཅོན་དང་། རུ་མི་ཝུན་ཡུས། རུ་མི་པ་སངས་བུ་ཁྲིད་བཅས་ཁྲིད་ནས་སྐོར་སྐྱོད་སྨན་བཅོས་བྱེད་འགོ་བརྩམས།

སྐོར་སྐྱོད་སྨན་བཅོས་བྱེད་པར་སྐྱོད་སྐབས་ཝུན་ཡུས་ཀྱིས་རྨས་མ་བདེ་སྐྱིད་ཀྱི་པུས་མོ་ནས་ཤེལ་ཧྲུག་ཅིག་བཏོན་པ་རེད། ཤེལ་ཧྲུག་དེ་འབྲུ་རྡོག་གཅིག་ཙམ་ལས་མེད་ནའང་ལོ་30ལ་སླེབས་པའི་བུད་མེད་དེར་ན་ཟུག་སྐྱེས་ནས་རྔུལ་ཆུ་ཁྲུམ་ཁྲུམ་དུ་ཤོར། རྨ་རས་དཀྲིས་རྗེས་ལས་དོན་རུ་ཁག་གི་རུ་མི་ཚོ་ཕྱིར་ལོག་པའི་དུས་སུ་ཁ་སྦུག་དོག་པའི་བདེ་སྐྱིད་མིག་ཆུ་ལྷུང་ལྷུང་དུ་ཤོར།

ཚེས་28ཉིན་གྱི་ཕྱི་དྲོ་ལས་དོན་རུ་ཁག་གིས་དམིགས་བསལ་གྱི་ནད་པ་འགའ་ཞིག་ཉར་ནས་སྨན་བཅོས་བྱས་ཤིང་། འཕྲིན་གཏོང་མྱུར་གསོ་བྱེད་མཁན་གློག་འཕྲིན་ལས་ཁུངས་ཀྱི་འཕྲལ་སྒྲུབ་རུ་མི་3གྱིས་ཉམས་གསོ་བྱེད་སྐབས་འབབ་རྡོ་ཐེབས་ནས་རྨས་སྐྱོན་ཕོག་པར་འཕྲལ་དུ་གཤགས་བཅོས་བྱེད་དགོས་བྱུང་། འགྲམ་གྲོང་ལྷན་གྱི་ལས་དོན་རུ་ཁག་གི་སྐྱོབ་བཅོས་འོག་ཁོང་ཚོ་གསུམ་ད་ཆ་ཉེན་ཁ་ལས་གྲོལ་ཡོད་པ་རེད།

“ད་རེས་ཀྱི་ས་ཡོམ་ནི་ཏང་གི་རིམ་ཁག་གཞི་རིམ་རྩ་འཛུགས་ཀྱི་ངོས་ནས་བརྗོད་ན་ཚོད་བགམ་ཞིག་རེད། ས་ཡོམ་བརྒྱབ་རྗེས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་དགོན་པར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་མང་ཚོགས་ཀྱི་རྒྱབ་སྐྱོར་དང་ཁས་ལེན་ཐོབ་པར་བྱས་ཡོད”ཅེས་འགྲམ་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་བཀྲ་ཤིས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད་བྱུང་།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།