ཞི་ཞིང་དུལ་བའི་དགེ་རྒན་ཞིག་གི་ལྷ​ག་བསམ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2023 ལོའི་ཟླ 1 ཚེས 3 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། »ཞི་ཞིང་དུལ་བའི་དགེ་རྒན་ཞིག་གི་ལྷ​ག་བསམ།
ཞི་ཞིང་དུལ་བའི་དགེ་རྒན་ཞིག་གི་ལྷ​ག་བསམ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2016/4/7ལྟ་ཀློག (2150)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཞི་ཞིང་དུལ་བའི་དགེ་རྒན་ཞིག་གི་ལྷག་བསམ།

  ____ཐུབ་པའི་གདུང་འཚོབ།

      བདག་སློབ་གླིང་འདིར་དངོས་སུ་མ་ཞུགས་པའི་ཡར་སྔོན་དུ་དགེ་རྒན་ཁོང་གི་མཚན་ཐོས་མྱོང་ལ་ཁོང་གི་བརྩམས་ཆོས་རེ་འགའ་ཡང་བཀླགས་མྱོང་མཁན་ཞིག་ཡིན་པའི་ཆ་ནས།  ནམ་རྒྱུན་དགེ་རྒན་ཁོང་ལ་གཞན་ལས་ལྷག་པའི་གུས་བཀུར་དང་གདེང་འཇོག་བྱེད་མཁན་ཞིག་ཀྱང་ཡིན།   ལས་དབང་ཞིག་གིས་བདག་སློབ་གླིང་འདིར་ཞུགས་ནས་ཅུང་མ་འགོར་བར་དགེ་རྒན་ཁོང་ང་ཚོའི་འཛིན་གྲྭའི་ཁྲིམས་ལུགས་དགེ་རྒན་དུ་བཀོད་བསྒྲིགས་གནང་འདུག     སྤྱིར་བཏང་སློབ་ཁྲིད་གང་དང་གང་གི་དགེ་རྒན་སོ་སོར་རང་རང་གི་ཐུན་མོང་མ་ཡིན་པའི་དཔེ་ཁྲིད་གནང་སྟངས་རེ་ཡོད་སྲིད་པ་ནི་རྒྱུན་ལྡན་དུ་སྣང་ཡང་།   དགེ་རྒན་ཁོང་ཁྲིད་སྟེགས་སྟེང་དུ་ཕེབས་ཚེ་སློབ་གྲོགས་ཚང་མའི་གདོང་བ་སྤྲོ་འཛུམ་གྱིས་ཁེངས་ཤིང་།  དགེ་རྒན་གྱིས་ཐེངས་འདིར་ང་ཚོ་ལ་བློ་སྐྱེད་གསར་བ་གང་འདྲ་ཞིག་གནང་བར་ཡིད་ཆེས་བརྟན་པོ་བྱེད་ཀྱིན་འདུག  

       སྐབས་འདིར་རང་ཉིད་དངོས་སུ་དགེ་རྒན་ཁོའི་སློབ་ཁྲིད་ལ་ཞུགས་ཚེ་ད་གཟོད་དེང་སང་གི་སློབ་ཆེན་ཁག་ཏུ་འབྱུང་བཞིན་པའི་སྐྱུག་བྲོ་བའི་དཔེ་ཁྲིད་ལ་ཉན་སྟངས་དང་ཡིད་སྐྱོ་བའི་དཔེ་ཁྲིད་བྱེད་སྟངས་སོགས་རྩ་བ་ནས་གར་སོང་ཆ་མེད་དུ་གྱུར་འགྲོ།   དགེ་རྒན་ཁོང་གི་དཔེ་ཁྲིད་གནང་ཚེ་ཁྲིད་སྟེགས་ཀྱི་སྟེང་ནས་སྐབས་བབས་ཀྱི་བརྗོད་བྱའི་ནང་དོན་གྱི་དཀའ་གནད་ཐམས་ཅད་ཐབས་ཤེས་ཡོད་དགུས།  དཔེ་དོན་ཕན་ཚུན་སྦྱར་ཏེ་ཡང་དང་བསྐྱར་དུ་ངལ་བ་ཅི་ཡང་མེད་པར་དགའ་ཞིང་སྤྲོ་བའི་ངང་གིས་གསལ་བཤད་གནང་བར་མ་ཟད།  ཤེས་རབ་ཀྱི་བློ་ཁ་ཅུང་དམན་པའི་སློབ་མ་ཚོར་བརྗོད་དོན་ཤེས་ཡོད་མེད་དྲི་བ་གནང་བ་དང་། གལ་སྲིད་ད་དུང་སློབ་ཚན་གྱི་ནང་དོན་གསལ་བོ་མ་ཤེས་མཁན་བྱུང་ཚེ་ཁོང་གིས་གང་ལེགས་ལེགས་ཀྱི་བྱེད་ཐབས་གཞན་སྤྱད་ནས་སློབ་མ་ཚོས་ཤེས་ཅི་ཐབས་བྱེད་ངེས་ཡིན།  ཁོང་གི་དཔེ་ཁྲིད་སྐབས་སུ་སློབ་གྲོགས་ཚང་མའི་སྣང་ངོར་རྒྱུན་ལྡན་གྱི་སློབ་གྲྭའི་བཀོད་སྒྲིག་གི་དུས་ཚོད་ཐུང་དྲགས་པའི་སྣང་བ་ཞིག་འཆར་བཞིན་འདུག་ལ།  འདི་ནི་ང་སྒེེར་གྱི་སྣང་ཚུལ་ཁོ་ན་ཙམ་མ་ཡིན་པར་ཕལ་ཆེར་སློབ་གྲོགས་ཚང་མས་འདི་ལྟར་བསམ་གྱིན་འདུག   རྒྱུ་མཚན་གུང་གསེང་སོགས་ཀྱི་སྐབས་སུ་སློབ་གྲོགས་ཚོས་ཕན་ཚུན་ལ་དགེ་རྒན་ཁོང་གི་ཐུན་མོང་མ་ཡིན་པའི་དཔེ་ཁྲིད་གནང་སྟངས་དེ་ལ་ལྷག་པར་སྤྲོ་སྣང་ཡོད་རབས་དང་།  དགེ་རྒན་ཁོང་གི་སློབ་ཁྲིད་སྐབས་སུ་གྱང་ངོས་ཀྱི་ཆུ་ཚོད་འཁོར་ལོའི་མདའ་རྩེའི་འཁོར་ཚད་ཀྱང་སྔར་ལས་མགྱོགས་དྲགས་པའི་སྣང་ཚུལ་བྱུང་རབས་སོགས་རྒྱུན་པར་གླེང་གིན་འདུག    དེ་ནི་དགེ་རྒན་ཁོང་གིས་སློབ་མ་ཚོར་ལྷག་བསམ་གཙང་མས་ཕན་གང་ཐོགས་ཀྱི་ལམ་ནས་དཔེ་ཁྲིད་གནང་བའི་བཅོས་མིན་གྱི་གྲུབ་འབྲས་ཤིག་ག་ལ་མིན།  དེ་མིན་དེང་གི་སྤྱི་ཚོགས་ཁྲོད་ཀྱི་སློབ་གྲྭ་སོ་སོའི་དགེ་རྒན་དག་གི་བསམ་བློའི་འདུ་ཤེས་འཛིན་སྟངས་དང་སློབ་མ་སྐྱོང་སྟངས་སོགས་ཀྱི་སྐོར་ནས་སྐྱུག་བྲོ་བའི་གཏམ་རྒྱུད་གང་མང་ཞིག་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་བཞིན་པ་ནི་མིག་མཐོང་ལག་ཟིན་གྱི་དོན་དངོས་ཤིག་མ་ཡིན་ནམ།   

     དེ་བས་ང་ཚོས་ངེས་པར་དུ་ཁོང་ལྟ་བུའི་ཞི་དུལ་བག་ཡོད་དང་ཡ་རབས་དགེ་རྒན་དཀྱུས་མ་ཞིག་གི་ལྷག་བསམ་དང་སྙིང་སྟོབས་ལ་བཀའ་དྲིན་ཞུ་ཆོག་ཆོག་ཡིན། རེད་ཡ། དགེ་རྒན་ཁོང་ནི་ངོ་མས་ཁ་བཤད་དོན་ལ་གནས་པའི་ལག་ལེན་རང་བཞིན་ཅན་གྱི་དགེ་རྒན་ཞིག་ཀྱང་ཡིན།  རྒྱུ་མཚན་ལོ་དེའི་བར་རྒྱུགས་ལེན་སྐབས་དགེ་རྒན་ཁོང་གིས་ཐོག་མར་སློབ་མ་ཚོར་རྒྱུགས་ལེན་སྐབས་དོ་སྣང་བྱ་དགོས་པའི་སྐོར་གྱི་བསླབ་བྱ་ཐུང་ཐུང་ཞིག་གནང་ཞོར། ཁོས་གསུང་རྒྱུར་རྒྱུགས་སྤྲོད་བཞིན་པའི་སྐབས་སུ་སློབ་གྲོགས་ཚོས་ཕན་ཚུན་ལ་རྒྱུགས་ཤོག་བརྐུ་ལྟ་གཏན་ནས་བྱས་མི་ཆོག  ང་ཆེས་མི་དགའ་ས་ནི་རྒྱུགས་ཤོག་ལ་བརྐུ་ལྟ་བྱེད་མཁན་གྱི་རིགས་ཡིན་ཞེས་ནན་གྱིས་གསུངས་ཟིན། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་སློབ་གྲོགས་ཤིག་གིས་ཡང་དང་བསྐྱར་དུ་དགེ་རྒན་ལ་མི་མངོན་པའི་ཚུལ་གྱིས་བདག་ལ་ངོ་དགའ་བྱས་ངོར།  དགེ་རྒན་གྱི་གསུང་ཡིད་ལ་དྲན་བཞིན་ལྐོག་ལྐོག་སུད་སུད་ཀྱིས་ཡི་གེ་རེ་གཉིས་ཙམ་ཤོག་བུའི་ངོས་སུ་བྲིས་ནས་ཁོད་ལ་སྟེར་རྩིས་བྱེད་བཞིན་པའི་སྐབས་སུ་དགེ་རྒན་གྱིས་མཐོང་ཟིན་པས།  དེ་མ་ཐག་དགེ་རྒན་ལགས་ངའི་མདུན་དུ་ཕེབས་ནས་ཡི་གེ་རེ་གཉིས་བྲིས་ཡོད་པའི་ཤོག་བུ་སྟེ་གཙབས་ནས་མེད་པར་བཟོས་ཏེ་ཅི་ཡང་མི་གསུངས་པར་ཕྱིར་ཕེབས་སོང་། སྐབས་དེར་བདག་གི་སེམས་སུ་ཕྱོགས་གཅིག་ནས་ཐེངས་འདིར་དགེ་རྒན་གྱི་གསུང་ཁ་མ་བླངས་པར་བརྐུ་ཤོག་ཅིག་གཞན་ལ་སྟེར་བཞིན་པའི་སྣང་ཚུལ་འདིས་བདག་ལ་མཚོན་ན་ངོ་ཚ་ཆེན་པོ་ཞིག་ཉོས་འདུག་ལ།  ཡང་ཕྱོགས་གཞན་ཞིག་ནས་བཤད་ན་དེང་གི་སྤྱི་ཚོགས་ཁྲོད་ཁོང་ལྟ་བུའི་སློབ་མ་ཚོར་བློ་དཀར་གཞུང་དྲང་ཡིན་པའི་དགེ་རྒན་འདི་འདྲ་ཤིན་ཏུ་རབ་ཏུ་དཀོན་པས། བདག་གིས་དགེ་རྒན་གྱི་གསུང་ཁ་མ་བླངས་པར་ངོ་ཚ་ཉོས་པ་ཐེངས་གཅིག་ཡིན་ལ། ཞར་ལ་འདི་ལྟ་བུའི་དགེ་རྒན་གཞུང་དྲང་ཞིག་གི་ལྷག་བསམ་དང་ཡོན་ཏན་དངོས་སུ་མཐོང་བས།  བདག་ལ་མཚོན་ན་ཐེངས་འདིར་དགེ་རྒན་ཁོང་ལ་སྔར་ལས་ལྷག་པའི་ཡིད་ཆེས་དང་དད་འདུན་ཞིག་ངང་གིས་ཤོར།  དུས་དེ་ནས་བཟུང་དགེ་རྒན་ཁོང་གི་རྒྱུགས་ལེན་སྐབས་སློབ་གྲོགས་གཞན་ལ་གནས་སྐབས་རོགས་རམ་དུ་སྣང་ཡང་དོན་གྱིས་གནོད་པ་མི་བྱེད་པའི་དམ་བཅའ་བཞག་ཡོད།   འདི་ནི་བདག་སློབ་གླིང་འདིར་ཞུགས་ནས་ཐེངས་དང་བོར་སྤྲད་པའི་བར་རྒྱུགས་སྐབས་ཀྱི་མྱོང་ཚོར་རགས་ཟིན་ཙམ་ཡིན། 

སྤྱི་ལོ་༢༠༡༦ལོའི་ཟླ་༤ཚེས་༨་ཉིན་གྱི་མཚན་མོར་ཀན་སུའུ་ནང་བསྟན་སློབ་གླིང་ནས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
wtm1 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
32396711
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1