བྱེ་ཐང་གི་མེ་ཏོག



         དེ་དགོང་ཕྱི་ལོག་ཏུ་ཁ་བ་ལྷབ་ལྷུབ་ཏུ་འབབ་པ་དང་མཉམ་དུ་རླུང་བུ་ཤུགས་ཆེན་ལྡིང་གིན་ཡོད་པ་མ་ཟད། གློག་འོད་ཀྱི་ཐད་དུ་ཁ་བའི་འདབ་མ་རེ་རེ་རླུང་བུས་འཕྲེད་དུ་འདེད་ཀྱིན་པ་མཐོང་གིན་འདུག  ང་རང་ནམ་མཁར་ལྟ་རྒྱུར་དགའ་བས།  ངའི་སྡོད་ས་དེ་ནི་ཆེད་དུ་ངའི་འདོད་པ་ལྟར་བཟོ་བསྐྲུན་བྱེད་པ་བཞིན་ཁང་བའི་མདུན་ཕྱོགས་ཡོད་ཚད་ཤེལ་གྱིས་གྲུབ་པས།ངས་ཚ་སོབ་སོབ་ཀྱི་ནང་ཁྱིམ་ནས་ཕྱི་ལོག་གི་གྲང་ངར་ཇི་འདྲའི་ཆེ་འང་བསམ་པའི་རྣམ་པ་དེར་ལྟ་བཞིན། ད་སོ་མ་ལྟས་མ་ཐག་པའི་གློག་བརྙན་དེ་དང་དེའི་ནང་གི་བུད་མེད་ཅིག་གི་ལོ་རྒྱུས་དེ་ཡིད་ལ་ཡང་ཡང་འཁོར་ཞིང་བསམ་གཞིགས་ཀྱི་སྣེ་མོ་ཡང་དེ་ལས་ཕྱིར་ཡོང་ཐབས་དཀའ་བས།  གློག་བརྙན་དེའི་སྔ་ཕྱི་ངས་ཡིག་ཐོག་ཏུ་ཕབ་རྒྱུར་མགོ་བརྩམས་པ་ཡིན།
      གློག་བརྙན་དེའི་མིང་ལ་དབྱིན་ཇིའི་སྐད་ནང་དུDesert Flowerདང།   བོད་སྐད་ཀྱི་ནང་དུ༼བྱེ་ཐང་གི་མེ་ཏོག༽ཅེས་བསྒྱུར་ན་འོས་འཚམ་ཡིན་པར་སྣང་།རྒྱ་སྐད་དུ་沙漠之花ཞེས་བསྒྱུར་འདུག གློག་བརྙན་འདི་ནི་ཨ་ཧྥེ་རི་ཀའི་སོ་མ་ལིས་ཡའི་འབྲོག་ཁྱིམ་བུ་མོ་ཞིག་གི་མི་ཚེ་འགྱུར་ལྡོག་ཏེ། མི་རིགས་ནག་པོ་ཡིན་པའི་བུ་མོ་ལོ་ཆུང་ཞིག་བྱེ་ཐང་དུ་རྐང་རྗེན་གྱིས་ཉིན་ཞག་གྲངས་མེད་ལ་བྲོས་བྱོལ་གྱིས།མི་རིགས་ཀྱི་གཉེན་སྒྲིག་སྲོལ་རྒྱུན་གོམས་གཤིས་དེ་ལས་བཅིངས་གྲོལ་ཐོབ་ཅིང་། མཐར་ཕྱི་རྒྱལ་དུ་འབྱོར་ཏེ་ཁྱིམ་མེད་འཁྱམས་ཉུལ་དང་གད་སྙིགས་སྒྲིག་པའི་ལས་ཀ་བྱེད་ཀྱིན་འཚོ་བ་སྐྱེལ་བ།
     དབྱིན་ལན་གྱི་པར་པ་དང་གློག་བརྙན་འཁྲབ་ཁྲིད་པ་སྐད་གྲགས་ཅནTerence Donovan ཡིས་གཟུགས་རིང་ཤིང་དྭངས་གཙང་ལྷད་མེད་ཀྱི་མིག་ཟུང་།3123123.JPG སྐྱེས་གཟུགས་དང་ལང་ཚོ་ལྡན་པའི་འབྲོག་མོ་འདི་མགྱོགས་ཟས་ McDonald བཟའ་ས་ཞིག་ཏུ་གད་སྙིགས་སྒྲིག་མཁན་བྱེད་ཀྱིན་པའི་སྐབས་ཐོག་མ་མཐོང་ཞིང་།  དེའི་རྗེས་སྐད་གྲགས་ཅན་གྱི་པར་བ་དེའི་པར་ཆས་ཀྱི་འོག་ནས་བུ་མོ་འདི་རྒྱལ་སྤྱིའི་གཟུགས་མཛེས་གྱོན་གོས་འཁྲབ་སྟོན་པར་གྱུར། ཡང་སྤྱི་ལོ་༡༩༨༧ལོ་སྟེ་བྱེ་ཐང་གི་མེ་ཏོག་འདི་ལོ་ན་༢༢སྐབས་སུ་གློག་བརྙན་བཟོ་བསྐྲུན་པJames Bondཡི་གློག་བརྙནThe Living Daylightsའམ་ཉི་འོག་གི་འཚོ་བ་ཞེས་པའི་ནང་གི་གཙོ་འཁྲབ་མི་སྣར་གྱུར་ཞིང་། རྒྱལ་སྤྱིའི་ནང་གི་བུད་མེད་ཀྱི་དུས་དེབ་རྫོགས་མཐའ་མེད་པའི་རྒྱབ་ཤའི་པར་བཀོད་ཀྱི་ཚབ་མཚོན་མི་སྣ་ལ་ཡང་གྱུར། ཡིན་ན་ཡང་བཤད་མ་དགོས་པ་ཞིག་ལ་རྒྱུད་རིམ་འདི་ཡོད་ཚད་གསལ་སྟོན་བྱེད་པའི་གློག་བརྙན་ནང་གི་མི་སྣ་དང་ཡུལ་ལྗོངས། སྒྲ་དབྱངས་དང་དུས་ཚུགས་ཀྱི་རབ་འདེགས་སོགས་ནི་མིའི་དངོས་ཡོད་ཀྱི་འཚོ་བ་དང་ཁ་ཐག་ཉེ་ཞིང་གློག་བརྙན་ལྟ་མཁན་རང་ཉིད་གློག་བརྙན་ནང་གི་བྱ་དངོས་ཀྱི་བར་དུ་ཁྲིད་པར་ནུས་པ་ཆེན་པོཞིག་ཡོད་པ་བརྗོད་མ་དགོས་པ་ཞིག་རེད།
       ཐོག་མར་ནུབ་གླིང་གི་འཚོ་བའི་རྒྱུད་རིམ་ཁྲོད་ནས་འབྲོག་མོ་འདི་ཡིས་རང་ཉིད་ཀྱི་མཚན་མ་དང་ནུབ་གླིང་བུད་མེད་ཀྱི་མཚན་མ་གཅིག་མཚུངས་མིན་པའི་ངེས་ཤེས་བྱུང་ཞིང་། གཞི་ནས་སོ་མ་ལིས་ཡའི་མི་རིགས་ཀྱི་སྲོལ་རྒྱུན་ཁྲོད་དུ་བུད་མེད་ཕལ་ཆེ་ཤོས་བྱིས་པའི་དུས་ནས་མཚན་མ་བཙེམས་འབྲེག་གི་དམར་ལས་བྱེད་རྗེས། གཉེན་སྒྲིག་གི་ཉིན་མོ་གཞི་ནས་རང་གི་སྐྱེས་པ་དེ་ཡིས་མཚན་མ་དམར་བཤག་བྱེད་པའི་ལུགས་སྲོལ་ཞིག་ཡོད་པ་དེ་ཡིས། བུད་མེད་མང་པོ་ཞིག་གིས་བྱིས་པའི་དུས་ནས་ནད་རིགས་དང་འཆི་བ་སོགས་གནད་དོན་འདྲ་མིན་ལ་གདོང་ལེན་བྱ་དགོས་ཆགས་ཀྱིན་ཡོད་པ་དེར་ངོ་རྒོལ་བྱ་རྒྱུའི་བསམ་བློ་འཁོར་ཞིང་། ཕྱིས་སུ་འབྲོག་མོ་འདི་ཡིས་རང་ཉིད་ཀྱི་གཟུགས་མཛེས་གྱོན་གོས་འཁྲབ་སྟོན་གྱི་གོ་སྐབས་བེད་སྤྱོད་ཀྱིས་གསར་ཁང་ཞིག་གི་དྲི་བར་དང་ལེན་བྱེད་དེ། སོ་མ་ལིས་ཡའི་བུད་མེད་ཀྱི་གནས་སྟངས་ངོ་སྤྲོད་བྱེད་སྐབས། རྒྱལ་སྤྱིའི་གསར་ཁང་ཕལ་ཆེ་ཤོས་ཀྱིས་གླེང་གཞི་ཆེ་ཤོས་སུ་གྱུར་ཞིང་།   འཛམ་གླིང་ཧྲིལ་བོར་ཧད་དེ་སྡོད་དགོས་པར་བཟོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་འབྲོག་མོ་འདི་མཚན་མ་བཙེམས་འབྲེག་གི་གོམས་གཤིས་མཚམས་འཇོག་པའི་ལས་དོན་ཐད་ཀྱི་སྐུ་ཚབ་ཏུ་བསྐོས་པ་མ་ཟད།གློག་བརྙན་འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་དུ་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོབ་ལ་ལེའུ་གསར་བ་ཞིག་གི་སྒོ་ཕྱེ་སོང་བའི་ཨ་ཧྥེ་རི་ཀའི་འབྲོག་མོ་ཞིག་གིས་ཇི་ལྟར་རྒྱལ་ཁར་བསྐྱོད་པའི་དངོས་བྱུང་གི་གློག་བརྙན་ཞིག་རེད་འདུག
         ཡང་གློག་བརྙན་དེའི་ཁྲོད་དུ་འབྲོག་མོ་འདི་ཡིས་གྲོང་ཁྱེར་ནས་འགྲོ་སྟངས་འདུག་སྟངས་མ་ཤེས་པའི་གནས་ཚུལ་དང་། ཡིག་ཆ་རྫུན་མ་དང་སྐྱབས་བཅོལ་བའི་ཡིག་ཆ་འགྲིག་མིན་ཐོག་ནས་བཀག་ཉར་ཁང་དུ་བཅུག་པ།  ཕོ་མོའི་བར་གྱི་འབྲེལ་ལམ་ཐད་ནས་རང་ཉིད་བུད་མེད་གཞན་དང་གཅིག་མཚུངས་མིན་པས་སྐྱེས་པ་དང་འབྲེལ་ལམ་བྱུང་བར་ཞེད་སྣང་སྐྱེས་པ།མི་དང་སྤྱི་ཚོགས་འདྲ་མིན་མ་མཐོང་བའི་ས་ནས་འབྲོག་མོའི་གཤིས་ཀ་དང་མི་གཞི་དྲང་བའི་མཚོན་དོན་སོགས་གློག་བརྙན་དེ་མཇུག་རྫོགས་སྐབས། འབྲོག་མོ་འདི་ཡིས་སྔོན་ཆད་རང་ཉིད་ཀྱི་
མཚན་མ་བཙེམས་ཡོད་སྐབས་མོ་ལ་དུང་ཞེན་གྱི་མིག་ཟུང་འཕེན་མཁན་མི་རིགས་ནག་པོའི་ཕོ་གསར་དེ་བཙལ་དུ་ཕྱིན་པ་དང་།  ཡང་མོ་རང་སྡོད་ཁྱིམ་མེད་པར་སྲང་ལམ་དུ་ཉལ་གྱིན་པའི་སྐབས་སུ་དབྱིན་ཇིའི་བུ་མོ་ཞིག་གིས་གནས་ཚང་གཡར་བ་དེ་དང་བསྐྱར་དུ་མཇལ་བ་སོགས་མི་གཞིའི་བརྩེ་སེམས་དང་ཁྲེལ་ཡོད་ཀྱི་རིན་ཐང་མངོན་པ་སོགས་གློག་བརྙན་ཧྲིལ་བོ་ནི་དེ་འདྲའི་ཡིད་འགུལ་ཐེབས་པ་ཤ་སྟག་རེད་འདུག
       གློག་བརྙན་འདིར་བལྟས་རྗེས་ངས་རང་དབང་མེད་པར་གློག་བརྙན་འདིའི་རྒྱབ་ལྗོངས་དང་འབྲེལ་བའི་ཡིག་ཆ་ཁག་བསྔོགས་ཤིང་། ངས་བྱེ་ཐང་གི་མེ་ཏོག་འདི་དོན་ངོ་མ་སུ་ཡིན་མིན་རྩད་གཅོད་བྱ་འདོད་བྱུང་།
        བྱེ་ཐང་གི་མེ་ཏོག་ཅེས་པ་འདི་ཐོག་མར་སྤྱི་ལོ་༡༩༩༨ལོར་ཨ་ཧྥེ་རི་ཀའི་སོ་མ་ལིས་ཡའི་འབྲོག་མོ་Waris Dirieཡིས་རང་གི་མི་ཚེ་བྱུང་བ་བརྗོད་པའི་དེབ་དེའི་མིང་ཡིན་པ་དང་།  འབྲོག་མོ་Waris Dirieཡིས་རང་གི་མི་ཚེ་བྱུང་བ་བརྗོད་པའི་དེབ་འདི་ཐོག་མར་འགྲེམས་སྤེལ་བྱེད་འདུག དེའི་རྗེས་སྤྱི་ལོ་༢༠༠༩ལོར་བྱེ་ཐང་གི་མེ་ཏོག་ཅེས་པའི་དེབ་ཀྱི་ནང་དོན་དང་དེབ་ཀྱི་མིང་གཅིག་མཚུངས་ལྟར་གློག་བརྙན་དུ་ཕབ་པ་ཞིག་རེད་འདུག
      A100919153248501674.jpg   བྱེ་ཐང་གི་མེ་ཏོག་ནི་དོན་དངོས་སུ་སོ་མ་ལིས་ཡའི་འབྲོག་མོ་Waris Dirieལོ་རྒྱུས་ཡིན་པ་དང་ད་ལོ་སྟེ་སྤྱི་ལོ་༢༠༡༢་ལོ་འདི་ལ་འབྲོག་མོ་Waris Dirieརང་ལོ་བཞི་བཅུ་ཞེ་བདུན་ཡིན་ཞིང་།  མོ་ཐོག་མར་སྤྱི་ལོ་༡༩༦༥ལོར་སོ་མ་ལིས་ཡའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས་འདུག  མོ་རང་སྐྱེས་རྗེས་ལུགས་སྲོལ་ལྟར་དུ་བུ་མོ་སྐྱེས་ཚེ་བུ་མོའི་མཚན་མ་དེ་བཙེམས་འབྲེག་གི་དམར་ལས་བྱེད་སྲོལ་ཡོད་པ་ལྟར་waris Dirieལ་ཡང་སོ་མ་ལིས་ཡའི་བུད་མེད་སྤྱི་ལྟར་འགྲོ་ལམ་དེར་རྒྱུད་ཅིང་། དམར་ལས་འདིའི་ཁྲོད་དུ་བྱིས་པ་བུ་མོ་མང་པོ་འཆི་བ་དང་ཡང་ན་ནད་རིགས་འདྲ་མིན་སླེབས་ཏེ་གཅོང་ནད་དུ་འགྱུར་གྱིན་པ་ཡང་ཡོད་འདུག དཔེར་ན་waris Dirieཡི་ཕ་མ་གཅིག་པའི་སྤུན་མཆེད་བུ་མོ་གཅིག་དམར་ལས་བྱེད་སྐབས་འདས་གྲོངས་སུ་ཕྱིན་འདུག  ཡང་བུད་མེད་ཚོའི་གཉེན་སྒྲིག་གི་ཐད་ནས་ཀྱང་སྲོལ་རྒྱུན་ལྟར་སྐྱེས་པ་གཅིག་གིས་བུད་མེད་ཁ་ཤས་གནའ་མར་ལེན་ཆོག་པ་དང་། སྐྱེས་པ་ལོ་ན་རྒན་པ་ཚོས་ཆུང་མ་བུ་མོ་ཆུང་ཆུང་ཨང་དྲུག་པ་དང་བདུན་པ་སོགས་ལེན་སྲོལ་ཡོད་འདུག  དེའི་རྐྱེན་གྱིས་མོ་རང་ལོ་ན་བཅུ་གསུམ་གྱི་སྐབས་སུ་མོའི་ཕ་མ་གཉིས་ཀྱིས་མོ་རང་ཡང་། ཆུང་མ་ཁ་ཤས་ཡོད་པའི་སྐྱེས་པ་རྒན་པ་ཞིག་ལ་གནའ་མ་སྤྲད་ཅིང་། སང་ཉིན་གཉེན་སྟོན་བྱེད་དགོས་པའི་སྐབས་སུ། ཉིན་ཞག་གྲངས་མེད་ལ་མི་མེད་བྱེ་ཐང་བརྒལ་ཏེ་བྲོས་བྱོལ་དུ་ཡོང་བ་ཡིན་པ་རེད།   སོ་མ་ལིས་ཡའི་བྱེ་ཐང་གི་འབྲོག་མོ་འདི་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོབ་པ་གྱུར་བའི་རྗེས་ཏེ། ཁོ་མོ་ལོ་ན་༣༢ལ་སོན་སྐབས་དེ་བསྐྱར་དུ་རང་ཉིད་སྐྱེས་སར་ཕེབས་ཏེ་རང་གི་ཨ་མ་དང་ནང་མི་ལ་ཐུག་འཕྲད་བྱེད་པ་གསར་འགྱུར་རྒྱུད་ལམ་གྱི་ཡིག་ཆ་ཁག་ཏུ་མཐོང་རྒྱུ་འདུག
       འབྲོག་མོWaris Dirieནི་བྱེ་ཐང་གི་མེ་ཏོག་རེད་འདུག ད་ལྟ་ཁོ་མོ་ནི་དེབ་གྲངས་ཁ་ཤས་ཕུད་ཚར་ཞིང་འཛམ་གླིང་གི་བུད་མེད་ཐོབ་ཐང་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་སོགས་ཀྱི་རྟགས་མ་གྲངས་ལས་འདས་པ་ཐོབ་ཚར་བ་མ་ཟད། ཡང་གྱོན་གོས་འཁྲབ་སྟོན་གྱི་གར་སྟེགས་སྒང་དུ་ནམ་ཡང་ནུབ་པར་མི་འགྱུར་བའི་ཨ་ཧྥེ་རི་ཀའི་མེ་ཏོག་རྐང་ཅིག་ཆགས་ཡོད་འདུག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོབ་པའི་དམིགས་བསལ་སྐུ་ཚབ་ཀྱང་རེད་འདུག  
         གློག་བརྙན་འདིར་ལྟ་བཞིན་པའི་སྐབས་སུ། ང་ལ་ཚོར་བ་ཤུགས་ཆེ་ཤོས་བྱུང་ས་ནི། དགོང་མོ་དེར་སྤྲ་གུར་དེ་ནས་ལོ་ན་བཅུ་གསུམ་ཅན་གྱི་བུ་མོ་ཞིག་མཚན་མོའི་ལྷིང་འཇགས་དཀྲོགས་ནས་རྒྱང་དུ་གོམ་བགྲོད་བྱེད་སྐབས། དྲིན་ཆེན་གྱི་མ་ལོས་བུ་མོ་རྒྱང་དུ་འབྲོ་བའི་གོམ་སྒྲ་གོ་ཡང་ཁ་རག་གེར་མིག་ཟུང་མཆི་མས་སྒྲུབ་ཞོར་རྒྱང་རིང་རྒྱང་རིང་ལ་ཡལ་གྱིན་པའི་བུ་མོའི་གོམ་སྒྲར་ཉན་ཏེ་བསྡད་པའི་ངང་ཚུལ་དང་། ཨ་མས་རང་གི་བུ་མོ་མུ་མེད་བྱེ་ཐང་དུ་ཤི་གསོན་གང་འདྲ་བྱུང་མིན་ཤེས་ཐབས་བྲལ་ཡང་། བུ་མོའི་འདོད་པ་དང་བུ་མོའི་ལས་དབང་བསྒྱུར་བའི་ཆེད་དུ། ཨ་མས་གང་ཡང་མ་ཤེས་པའི་ངང་ནས་སྐྱོ་བ་ཡོད་ཚད་སེམས་སུ་ཉར་ཏེ་སྦྲ་གུར་དུ་ཁ་ཁུ་སུམ་པོས་ངུ་ཤོམ་བྱེད་ཀྱིན་པའི་སྣང་བརྙན་དེ་ནི་མིའི་རིགས་ཀྱི་ཆེས་རླབས་ཆེ་བའི་ཨ་མའི་བཟོད་བསྲན་དང་བྱམས་བརྩེ་ཡིན་ཨང་།  དེའི་རྗེས་བུ་མོ་ལོ་ཆུང་འདི་་ཡིས་མུ་མེད་བྱེ་ཐང་ནས་ལྟོགས་སྐོམ་གྱིས་མནར་ཤིང་ས་དང་ཤིང་ལོ་ཁ་ཟས་བྱེད་པའི་རྣམ་པ། ཉིན་ཞག་གྲངས་མེད་ལ་བྱེ་ཐང་དང་རྡོ་ཧྲུག་མོད་པའི་ས་ཆར་རྐང་ཐང་གིས་སོང་བས། རྐང་བའི་ངོས་དང་འཛུབ་མོའི་བར་དུ་ཁྲག་དང་རྨ་ཁས་ཁེངས་པ། མི་མེད་ལུང་སྟོང་དུ་མཚན་མོའི་ནམ་མཁར་ལྟ་ཞོར་གསལ་ཆ་མེད་པའི་མ་འོངས་འཚོ་བ་ལ་བསམ་གཞིགས་བྱེད་པ། དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཁྱིམ་མེད་སྲང་ལམ་གྱི་འཚོ་བ་སྐྱེལ་བའི་རྣམ་པ། མེག་ཁི་ཌོ་ནར་གྱི་ཟ་ཁང་དུ་གཞན་གྱིས་ཟ་འཕྲོར་ལུས་པའི་ཟས་ལྷག་རྣམས་རང་གི་རུམ་དུ་བཅུག་པའི་རྣམ་པ། གཞན་གྱི་མཐོང་ཆུང་དང་སྣང་ཆུང་གི་མིག་ཟུང་ལས་གཡོལ་བའི་ངང་ཚུལ། ཕྱིས་སུ་པར་པ་སྐད་གྲགས་ཅན་དེའི་སྐད་ཆ་དང་འཚོ་བ་འོད་སྟོང་ལྡན་པ་ཞིག་གི་གོ་སྐབས་སླེབས་པ་དེར་ཡིད་ཆེས་བྱེད་མ་ཐུབ་པའི་འགལ་འདུའི་བསམ་བློ། པར་ཆས་ཀྱི་འོག་ཏུ་རྨ་ཁས་ཁེངས་པའི་རྐང་པ་དེ་རྟིང་ཀ་མཐོ་བའི་ལྷམ་ལ་མ་རན་པའི་ཚོར་སྣང་སྐྱེས་པ། སྦྱོང་བརྡར་དང་ལས་སྣོད་མེད་པའི་སྐྱི་ལྤགས་དང་སྐྱེས་གཟུགས་ལ་གཞན་གྱི་ཡི་རངས་བྱེད་པ་ལ་ཡིད་མ་ཆེས་པའི་རྣམ་རྟོགས་བྱུང་བ། །   དབྱིན་ལན་དུ་འཚོ་བ་སྐྱེལ་བར་ཁྲིམས་མཐུན་གྱི་ཡིག་ཆ་མེད་པར་བཀག་ཉར་ཁང་དུ་བཅུག་པ   རང་ཉིད་དང་བུད་མེད་གཞན་གྱི་མཚན་མ་གཅིག་མཚུངས་མིན་པས། སེམས་པ་སོང་བའི་ཕོ་གསར་དེ་ལ་འདོད་ཞེན་སྟོན་མ་ཐུབ་པ། ཕ་མ་དང་ནང་མིར་ཡུན་རིང་མ་འཕྲད་པའི་དྲན་གདུང་གི་སེམས་པ། ཧམ་སེམས་མེད་ཅིང་ཆོག་ཤེས་བྱེད་པའི་མིའི་ཀུན་སྤྱོད་ཀྱི་རིན་ཐང་སོགས་གློག་བརྙན་འདི་ཡིས་ང་ལ་བསམ་གཞིགས་གང་མང་སྤྲད་ཅིང་ཚོར་སྣང་ཟབ་མོ་ཞིག་སྦྱིན་བྱུང་།  དེ་བས་ངའི་རྩོམ་ཡིག་འདི་ཀློག་མཁན་ཁྱེད་ཀྱིས་ཀྱང་ངེས་པར་དུ་བྱེ་ཐང་གི་མེ་ཏོག་ལ་ཐེངས་གཅིག་མྱོང་རོལ་བྱ་རོགས།


 

 

དཔྱད་མཆན་ཡོད།