ཀློག་པ་པོས་<རི་མོའི་ནང་གི་ཨ་ཕ་>བཀླགས་པའི་མྱོང་ཚོར་དང་སེམས་གཏམ།

念布文学 2022-04-09 17:30

Image 

Image

Image


<རི་མོའི་ནང་གི་ཨ་ཕ་>བཀླགས་པ།
&#8203;



Image

ལྷ་བྱམས་རྒྱལ་ན་རེ།

སྔ་དྲོ་ཞིག་གི་རིང་ལ་ཚོགས་འདུ་ཆོ་མེད་པ་ཞིག་གི་གོ་སྐབས་དང་བསྟུན་ནས་ཁྱེད་ཀྱི་སྒྲུང་གཏམ་ཆ་ཚང་བར་བཀླགས། སེམས་ཁམས་ནི་མཚོ་གྲུ་ཞིག་ལ་བསྡད་ནས་འགྲོ་བ་ལྟར་ཡིན་ཏེ། འཕྱོ་འཇགས་རེས་མོས་སུ་གྱུར། ཕ་མེད་པར་གྱུར་བའི་ང་ལ་ཡང་གདུང་སེམས་མཉམ་སྐྱེད་ཡང་ཡང་བྱུང་། དེ་བས་ཀྱང་ཁྱེད་ཀྱི་སྒྲུང་གཏམ་ལས་རྩོམ་རིག་གིས་ཆེས་གཅེས་སུ་འཛིན་དགོས་པའི་ལྷག་བསམ་ཟོལ་མེད་དང་། བརྩེ་གདུང་རྣལ་མ། སྙིང་སྟོབས་མཁྲེགས་པོ། ཚོར་བ་འཇམ་པོ་སོགས་རྙེད་སོང་། རྟེན་འབྲེལ་ཞུ། གསར་རྩོམ་ལ་གྲུབ་འབྲས་བླངས་པ་ཁོ་ན་མིན་པར་མི་ཚེ་ལས་འདི་ལྟའི་ངེས་རྟོགས་རྙེད་པར་རྟེན་འབྲེལ་ཞུ།







ཨོ་རྒྱན་ན་རེ།

མདང་དགོང་བྲིས་ཚར་བའི་སྒྲུང་གཏམ་དང་དེ་རིང་སྒྱུ་རྩལ་པས་གནང་བའི་རི་མོ། སྒྲུང་གཏམ་ནང་གི་རི་མོ་དང་རི་མོའི་ནང་གི་ཨ་ཕ། ཨ་ཕའི་བཀའ་སློབ་དང་རི་མོའི་ཁ་བྱང་། ད་དུང་དྲིན་གཟོ་དང་རྗེས་དྲན་སོགས། ཨ་ཨ། ཇི་འདྲའི་བློས་བསླངས་ཡག་པོ། ཇི་འདྲའི་ལྟ་རིན་ཡོད་པ་དང་ཀློག་སྙིང་བྲོ་བ་ཞིག གྲོགས་སྙན་བུ་ལ་བཀའ་དྲིན་དང་རྟེན་འབྲེལ་དང་རྗེས་སུ་ཡི་རང་ཞུ།






འདམ་འཇིལ་ལི་ན་རེ།

《རི་མོའི་ནང་གི་ཨ་ཕ》བཀླགས་རྗེས།  རྩོམ་པ་པོས་སྒྲུང་གཏམ་གྱིས་མགོ་གླེང་མ་ཐག“འགུལ་བྱུང་། རི་མོའི་ནང་གི་ཨ་ཕ་འགུལ་བྱུང”ཞེས་བཀོད་འདུག་པ་ལྟར། ངའི་སེམས་ནང་གི་རྒྱབ་རི་སྨུག་པོ་ལྟ་བུའི་ཨ་ཕ་ཡོམ་བྱུང་། མིག་ལ་མངོན་པའི་ཨ་ཕ་སེམས་ནས་འགུལ་བྱུང་། རང་གི་ཨ་ཕ་ལགས་འཇིག་རྟེན་དཀར་ངོགས་སུ་འདས་ནས་ལོ་མགོ་ཡང་མ་ཚང་བའི་དུས་ལ་ཁེལ་བས་ཡིན་མིན་ཅི་ཆ་ཡང་། དྲན་གདུང་གིས་གཙེས་པའི་སེམས་ཀྱི་མཚོ་མོ་དྲག་ཏུ་བསྐྱོམས་པར་བཏང་།  དཔེ་མེད་ཀྱི་དྲན་གདུང་དེ་ལ་རྩོམ་པ་པོས་མཐེབ་རྩལ་ཡན་གར་བ་དེས་ངར་བླུགས་ཕྱིར། ང་རང་ཐོག་མཐའ་བར་གསུམ་དུ་མཐོན་པོར་ཡར་ནས་ཡར་ལ་བཀྱགས་བྱུང་བའི་སྐྱོ་སྣང་ཁྲོད་བཀླགས་ཚར་བའི་མོད་ལ། རྩོམ་པ་པོའི་རི་མོ་ནང་གི་ཨ་ཕ་ཞེས་པའི་སྣུམ་ཚོན་རི་མོའི་ལེགས་སྐྱེས་དེ་དངོས་སུ་ངའི་ལག་ཏུ་འབྱོར་སོང་། ངས་ཀྱང་རི་མོའི་ནང་གི་ཨ་ཕར་བལྟས་ནས་མིག་མཐར་འཁོར་བའི་མཆི་ཞག་གིས་སེམས་པ་ཡོངས་སུ་བངས་འདུག






གླུད་ན་རེ།

སྙན་བུ་ལགས། ངས་ཁྱེད་སྒྲུང་དེབ་<རི་མོའི་ནང་གི་ཨ་ཕ>ཞེས་པ་ད་ནངས་ཞོགས་པ་དུས་ཚོད་དགུ་དང་ཕྱེད་ཀའི་སྟེང་ནས་ཀློག་མགོ་བརྩམས་ཏེ་ད་ལྟ་ཤོག་ངོས་༡༧༦ལ་ཐོན་ཡོད། གསལ་བོར་བཤད་ན་བཀླགས་ཟིན།  བདག་ལ་མཚོན་ན་སྒྲུང་འདི་ཀློག་པའི་གོ་རིམ་ནི་ཧ་ཅང་མནར་གཅོད་ཀྱི་གོ་རིམ་ཞིག་སྟེ། བདག་གི་ཨ་ཕ་ད་ལྟ་འཇིག་རྟེན་འདིར་འཚོ་ཞིང་བཞེས་ན་ཡང་ཨ་མ་ལགས་འཇིག་རྟེན་མི་ཡུལ་དང་བྲལ་ཏེ་ལོ་དྲུག་ཟིན་ཡོད་སྟབས། ངས་སྒྲུང་དེབ་འདི་ཀློག་པའི་གོ་རིམ་ཁྲོད་དུ་རང་ཉིད་ཀྱི་གཏམ་རྒྱུད་དང་མཚུངས་པའི་དོན་དག་རེ་འགའ་མཐོང་བ་དེས་བར་སྐབས་ཤིག་ལ་ངས་འདས་ཟིན་པའི་ཨ་མ་དྲིན་མོ་ཆེ་དྲན་ཤིང་དྲན་ནས་ཀྱང་དྲག་ཏུ་ངུས། རྟོག་བཏགས་དང་དངོས་ཡོད་གང་ཡིན་ཆ་མི་འཚལ་བའི་ཁྱེད་ཀྱི་གཏམ་རྒྱུད་དེ་དག་གིས་ང་ལ་འཇིག་རྟེན་འདིར་ཕ་མས་བུ་ཕྲུག་ལ་བཅངས་བའི་རེ་བ་དང་བུ་ཕྲུག་གི་དོན་དུ་རང་ཉིད་ཀྱི་ཚེ་སྲོག་ཀྱང་ཕུལ་ཐུབ་པའི་རླབས་ཆེ་བའི་ཕ་མ་ཚོའི་བཀའ་དྲིན་ངོས་ཟིན་ཏུ་བཅུག་བྱུང་། བཀའ་དྲིན་ཆེ། ཁྱེད་ཀྱི་ཨ་ཕས་ཁྱེད་རང་གསང་སྟབས་ཀྱིས་སློབ་གྲྭར་བསྐྱལ་བའི་གཏམ་རྒྱུད་ནས་མགོ་བརྩམས་ཏེ་ངས་ཤོག་ལྷེ་རེ་རེ་ནས་མིག་ཆུས་བརླན་དགོས་བྱུང་ལ་ལྷག་པར་ཏུ་མཇུག་གི་གཏམ་རྒྱུད་དེ་དག་གིས་རི་མོའི་ནང་གི་ཨ་ཕ་ཞེས་པའི་སྣུམ་ཚོན་རི་མོ་དེ་ནམ་ཞིག་རང་གི་ལག་ལ་ལྷུང་འོང་སྙམ་པའི་སེམས་ཁྲལ་དང་དངངས་སྐྲག་ཅིག་ཀྱང་ངང་གིས་སྐྱེ་བར་བྱེད།







སྟག་ལྷ་རྒྱལ་ན་རེ།

རི་མོའི་ནང་གི་ཨ་ཕའི་རྒྱབ་གཟུགས་ལས་ཨ་ཕ་དང་འབྲེལ་བའི་གཏམ་རྒྱུད་དག་ཡིད་ལ་གཅིག་རྗེས་གཉིས་མཐུད་ཀྱིས་ཤར་འོང་ཞིང་།  གླེང་གཞི་རུ་རི་མོའི་ནང་གི་ཨ་ཕ་འཇིག་རྟེན་འདིར་འཚོ་བཞུགས་ཀྱི་སྐབས་སུ་བཀའ་དྲིན་ཆེ་ཞེས་པའི་ཆེས་སྤྱིར་བཏང་གི་བཀའ་དྲིན་ཙམ་ཡང་ཞུས་མེད་པའི་འགྱོད་སེམས་དང་། ཕ་མ་ཙམ་མ་ཟད་རང་ལ་གཞན་གྱིས་ཕན་པ་ཅུང་ཙམ་རེ་བསྒྲུབ་ནའང་ངེས་པར་དུ་བཀའ་དྲིན་ཞུ་དགོས་པའི་འདུ་ཤེས་དྲག་པོ་བྲིས་འདུག་ཅིང་། སྒྲུང་གཏམ་གྱི་མཇུག་ནི་རི་མོའི་ནང་གི་ཨ་ཕའི་རེ་བཅོལ་གཉིས་བདེ་བླག་ངང་ལེགས་འགྲུབ་བྱུང་སོང་བའི་དགའ་སྐྱོ་ཟུང་གི་སེམས་པ་དང་། རི་མོའི་ནང་གི་ཨ་ཕར་བལྟས་ཚར་རྗེས་སྣུམ་ཚོན་རི་མོ་དེ་ཨ་ཕ་འདས་གྲོངས་སུ་སོང་བའི་ཕྱི་རྒྱལ་གྱི་བུ་མོ་ཞིག་ལ་སྤྲོད་ཐུབ་སོང་བའི་འགན་འཁྲི་ལེགས་འགྲུབ་ཀྱི་དགའ་སྣང་། རང་ཉིད་དང་མཉམ་དུ་རི་མོའི་ནང་གི་ཨ་ཕ་ལ་བལྟ་རོགས་ཀྱི་མཛའ་མོར་ཡང་ཨ་ཕ་མེད་པ་ཤེས་རྗེས་ཀྱི་སེམས་འཚུབ། མཛའ་མོར་སྔར་ལས་ལྷག་པའི་གཅེས་ཀ་དུངས་སྐྱོང་བྱ་དགོས་པའི་བརྩེ་དུངས་ལས་རྫོགས་པར་བྱས་པ་ཞིག་རེད།   


ཨ་ཕ་ནི་འགན་འཁྲིའི་འདུ་ཤེས་ཆེས་ཆེར་ཡོད་པའི་མི་ཞིག་རེད།  འབྲོག་པ་མང་ཚོགས་ཀྱི་སློབ་གསོའི་གནས་བབ་མི་བཟང་པའི་སྐབས་སུ་ཁོའི་བསམ་བློའི་གོ་རྟོགས་སྔ་མོ་ནས་སད་ཡོད། སློབ་གྲྭར་མ་སོང་ཚེ་མ་འོངས་པའི་འཚོ་བ་དཀའ་སྡུག་གིས་ཁེངས་ཡོད་པ་རྟོགས་པས། བུ་ཆུང་གཉིས་ལ་རེ་བ་ཆེན་པོ་ཞིག་བཅངས་ཤིང་། རེ་བ་མངོན་འགྱུར་འབྱུང་པའི་ཆེད་དུ་ཨ་ཕས་ཡུལ་མི་མང་པོ་ཚོགས་ས་རུ་ཡང་གདེང་ཚོད་དང་སྙིང་སྟོབས་ཆེན་པོས་ཁ་ཕོ་ཆེ་བའི་སྐད་ཆ་བཤད། སྐད་ཆ་དེ་དག་བུ་ཆུང་གི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར། མི་ཚེའི་མདུན་ལམ་ལ་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་སོང་། ཨ་ཕ་ནི་དེ་འདྲའི་བུ་ཆུང་གཉིས་ལ་ངེས་པ་དོན་གྱིས་འགན་ཁུར་པའི་རྒྱབ་རི་སྨུག་པོ་ཞིག་ཡིན།  ཞུ་དྲག་གཉིས་ཀྱི་སློབ་གསོ་བཏང་སྟེ་བུ་ཆུང་གཉིས་རང་ཉིད་ཀྱི་འདོད་པ་བཞིན་གྱི་མི་ཞིག་ཏུ་གྱུར་སོང་། དེ་ནི་ཕ་མ་ཞིག་ལ་མཚོན་ན་ཤིན་ཏུ་དགའ་འོས་པའི་དོན་དག་ཅིག་ཅི་ལ་མིན།  དེ་བཞིན་བུ་ཕྲུག་ལ་མཚོན་ནའང་ཕ་མར་དྲིན་ལན་འཇལ་སྟངས་ཤིག་ཅིས་ཀྱང་ཡིན་ངེས།     


ཨ་ཕ་དང་འབྲེལ་བའི་གཏམ་རྒྱུད་ཀྱི་ཡིག་འབྲུ་རེ་རེ་སྐྱོ་གདུང་དང་བརྩེ་དུངས་ཀྱིས་གྲུབ་ཡོད་ལ།  སྐྱོ་གདུང་དང་བརྩེ་དུངས་ཀྱི་ཟབ་ཚད་མཐོ་བས་ཀློག་མཁན་ལ་ཡང་སེམས་འགུལ་གྱི་མཆི་མ་འཐོར་དུ་མི་འཇུག་པའི་ངེས་པ་མེད། རྩོམ་མཁན་གྱིས་ཨ་ཕ་ལ་གློ་ནད་བྱུང་ཡོད་པ་ཤེས་བཞིན་དུ་མ་ཤེས་ཁུལ་གྱིས་ཁ་བརྡ་ཐུང་ཐུང་ཞིག་བྱས་པས་བུ་ཆུང་ནི་ཇི་འདྲའི་སྙིང་རྗེ་བ་ལ། ཨ་ཕ་ནི་ཇི་འདྲའི་རླབས་ཆེ་བ་ལ།  རང་ཉིད་ཀྱི་མགོ་ཐོག་ལ་འཆི་བདག་གི་འཇིགས་པ་འཐོན་ལ་ཉེ་ནའང་ད་དུང་བསམ་ས་ཉག་གཅིག་ཡོད་པ་ནི་འཆི་བའི་འཇིགས་པ་མ་ཡིན་པར་ཁྱིམ་མི་དང་བུ་ཕྲུག་རེད། རི་མོའི་ནང་གི་ཨ་ཕས་མི་ཚེ་ཐུང་ཐུང་ཞིག་གི་ནང་ལ་འགན་འཁྲི་མང་པོ་ཞིག་ཕྲག་ཏུ་བཞེས་ཏེ་ལེགས་འགྲུབ་བྱུང་དུ་བཅུག་ཅིང་། བུ་ཆུང་གིས་ཀྱང་ཨ་ཕའི་རེ་བ་དག་ཡིད་བཞིན་དུ་འགྲུབ་ཏུ་བཅུག་པར་མ་ཟད་ཨ་ཕ་བཞུགས་ཡོད་པའི་དབང་དུ་བཏང་ན་རེ་བ་ལྷག་མ་འདི་དག་ཡོད་སྲིད་སྙམ་གྱི་རེ་བའི་ཕྱོགས་ལའང་འབད་པ་བྱེད་མོས་སུ་ཡོད།  དེ་བས་ལས་དབང་གིས་རི་མོའི་ནང་གི་ཨ་ཕའི་ཚེ་ཡི་ཐག་པ་ཐུང་དུ་བཏང་ཡང་རེ་བ་དང་སྨོན་འདུན་ཡོད་ཚད་ངང་གིས་འགྲུབ་སོང་། 


༢༠༢༢/༤/༢ཉིན་བྲིས།






ཀླུ་སྐྱབས་རྒྱལ་ན་རེ།

རི་མོའི་ནང་གི་ཨ་ཕ་ལ་བལྟས་ནས་ཚར་བ་མེད།


ཁ་སང་གི་དུས་ཚོད་བཅུ་དགུའི་སྟེང་ནས་ངས་སྒྲུང་དེབ་འདི་ཀློག་མགོ་བརྩམས་པ་ཡིན། མདང་དགོང་ཤོག་ལྷེ་ལྔ་བཅུ་ལྷག་མ་གཏོགས་ཀློག་མ་ཐུབ། ད་ལྟ་ཡོངས་སུ་ནན་ཏན་ངང་བཀླགས་ཚར་ནས་ཡོད། དྲང་མོར་བཤད་ན། ཆུང་དུས་ནས་བཟུང་ང་རང་ཆེས་སུན་སྣང་སྐྱེས་མྱོང་བའི་རྩོམ་གྱི་ཁ་བྱང་ནི་དངོས་གནས་ཨ་ཕ་རང་ཡིན་འདུག འོན་ཀྱང་དགེ་རྒན་དག་ནམ་རྒྱུན་ཨ་ཕ་དང་འབྲེལ་བའི་རྩོམ་ཡིག་བཀོད་སྒྲིག་བྱེད་རྒྱུར་ཤིན་ཏུ་དགའ་བས། སྔོན་ཆད་ངས་ཀྱང་ཨ་ཕ་དང་འབྲེལ་བའི་རྫུན་བཟོ་ཡི་རྩོམ་དུ་མ་ཞིག་མི་འབྲི་ཀ་མེད་ལ་ཐུག འོན་ཀྱང་སྒྲུང་དེབ་འདི་ཀློག་དུས་ངས་ཀྱང་སྒྲུང་དེབ་ལས་ཨ་ཕ་ཞིག་གི་སྣང་བརྙན་མཐོང་སོང་། དེ་ནི་ངའི་སེམས་ཀྱི་རི་རབ་བཞིན་བརྗིད་ཆགས་ངང་གནས་འདུག་པའི་སྤོ་བོ་ལགས་ཡིན་འདུག  ང་ལ་མཚོན་ན་སྤོ་བོ་ནི་རང་གི་ཨ་ཕ་ངོ་མ་དེ་ཡིན་ནོ།།  སྒྲུང་དེབ་ནང་གི་ཨ་ཕའི་སྣང་བརྙན་དེ་ནི་ཧ་ཅང་རླབས་ཆེན་ཞིག་ཡིན་འདུག  ཕ་མ་ལ་གཉེན་བཀུར་ཆེ་བ། ཆུང་མ་ལ་བྱམས་བརྩེ་ཡོད་པ།  ཕུ་ནུ་ལ་འདང་བརྩེ་ཟབ་པ།  བསམ་བློ་སྔོན་ཐོན་ཡིན་པ། ཕྲུ་གུ་ལ་སློབ་གསོ་གཏོང་ཤེས་པ། སློབ་གསོ་གཙིགས་སུ་འཛིན་པ། ལས་ལ་བརྩོན་ཞིང་འགན་འཁྲི་ཡོད་པ། ཆོས་དད་ཆེ་བ། མདོར་ན། འདི་ནི་ང་ཚོ་བོད་པ་ཚོའི་ཐུན་མོང་གི་ཨ་ཕའི་སྣང་བརྙན་བཟང་བོ་དེ་ཡང་ཅི་ལ་མིན་ནམ། སྙན་བུ་ལགས་ཀྱི་འགྱོད་སེམས་ནི་མི་ཚེ་འདིར་ཨ་ཕ་ལ་བཀའ་དྲིན་ཞུ་མ་མྱོང་བ་དེ་ཡིན་ཅེས་བྲིས་འདུག དེ་ཡང་ཡིན་སྲིད། རང་ཉིད་ཆེས་དགའ་བའི་མི་དེ་ལ་ནམ་ཡང་ཆེས་སྤྱིར་བཏང་གི་སྐད་ཆ་དེ་དག་བརྗོད་ག་ལ་ནུས། ངས་ཀྱང་སྤོ་བོ་དང་ཨ་ཕྱི་གཉིས་ལ་བཀའ་དྲིན་ཞུས་མ་མྱོང་ལ། ཐ་ན། ཁོང་གཉིས་ལ་ང་རང་ཁྱོད་གཉིས་ལ་དགའ་ཞེས་ཀྱང་བརྗོད་མྱོང་མེད། ཆེས་མཐའ་མཇུག  སྙན་བུ་ལགས་ཀྱི་སྒྲུང་དེབ་ལ་བཀའ་དྲིན་ཆེ་ཞུའོ།།     


རི་མོའི་ནང་གི་ཨ་ཕ་ལ་བལྟས་ནས་ཚར་བ་མེད།







ལྷ་ཚང་ཚུལ་བསྟན་ན་རེ།

སྨིན་དྲུག་བོད་ཀྱི་ན་གཞོན་སྒྲུང་འབྲིང་གསར་རྩོམ་དཔེ་ཚོགས་ལས་«རི་མོའི་ནང་གི་ཨ་ཕ་»ཞེས་པ་འདི་ལག་ཏུ་འབྱོར་མ་ཐག་ཏུ་ཁ་ཕྱེས་ནས་བལྟས་པ་ན། རྩོམ་པ་པོ་སྙན་བུ་ལགས་ནི་ཨ་ཕ་མི་བརྗེད་པའི་བུ་ཕོ་སྲི་ཞུ་ཅན་ཞིག་སྟེ། ཁོང་གི་སྙན་དེབ་«བདག་གི་རྟ་ཕོ་»དང་འདྲ་བར་སྒྲུང་དེབ་འདི་ཡང་ཞིང་གཞན་དུ་ཕེབས་པའི་ཨ་ཕ་ལ་ཕུལ་བ་ཡིན་འདུག  ངས་བསམ་ན་ཁོང་གི་ལྷུག་རྩོམ་ཞིག་གི་ནང་དུ་གསལ་བའི་ཨ་ཕའི་རེ་བ་གསུམ་པ་དང་བཞི་པ་སོགས་ཀྱང་འདི་དག་ཡིན་ངེས་སྙམ། 










གསལ་འདེབས། བཀླགས་ཚོར་མུ་འགོད་བྱེད་ཀྱི་ཡོད་པས།  སྒེར་ལ་བསྐུར་ཆོག


You Are My Sunshine

Scan to Follow