中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར། >
༄༅།། ཨ་རིའི་འོས་བསྡུའི་མཇུག་འབྲས་དང་འབྲེལ་བའི་བསམ་ཚུལ་བརྒྱད།
དུས་ཚོད།2016-11-18 15:45:10     རྩོམ་གྱི་ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།    ཆུང་། | འབྲིང་། | ཆེ།
-------ཨ་རིའི་འོས་བསྡུའི་མཇུག་འབྲས་དང་འབྲེལ་བའི་བསམ་ཚུལ་འཁོར་ལོ་རྩིབས་བརྒྱད།
                      
 དང་པོ། 
  ད་ལོའི་ཨ་རིའི་འོས་བསྡུའི་མཇུག་འབྲས་ཀྱིས་རང་དབང་དང་འདྲ་མཉམ། དྲང་བདེན། གུ་ཡངས་བཅས་ཀྱི་འཇིག་རྟེན་ལྟ་ཚུལ་ལ་དགའ་མོས་ཆེ་བའི་མི་མང་ས་ཡ་མང་པོ་སེམས་ཁྲལ་དང་ཐེ་ཚོམ་གྱི་ཀློང་ལ་དེད་ཡོད། ང་ཡང་དེའི་ཁྲོད་ཀྱི་གཅིག་ཡིན། རྒྱུ་མཚན་ནི་གཞན་ལ་མཐོང་ཆུང་(Insult)དང་མི་རིགས་དབྱེ་འབྱེད་(Racism)གཉིས་ཆབ་སྲིད་ཀྱི་གཏམ་བཤད་དང་མི་སྒེར་བའི་ལྟ་ཚུལ་གྱི་གཙོ་སྙིང་ལ་འཛིན་པའི་ཕྱུག་བདག་ཅིག་ཨ་རིའི་སྲིད་འཇིན་ཨང་ཞེ་ལྔ་པར་གྱུར་བ་འདི་རེད། ཨ་རིའི་སྲིད་འཛིན་གསར་པ་འདིའི་མིང་ལ་སྒྲོ་ནེལ་སྒྲི་ ཁྲི་རོམ་ཕུ་(Donald Trump)ཟེར། ཁོང་ད་ལྟ་དགུང་ལོ་ ༧༠ ཡིན།  ཨ་རིའི་ཆབ་སྲིད་ལོ་རྒྱུས་ཁྲོད་ཀྱི་སྲིད་འཛིན་ལོ་ན་རྒན་ཤོས་དེ་ཡིན་པ་མ་ཟད། དེ་སྔ་ཨ་རིའི་ཆབ་སྲིད་དང་དམག་དོན་གཉིས་ལ་སྲི་ཞུ་དང་ཉམས་མྱོང་མེད་མཁན་ཞིག་སྲིད་འཛིན་ལ་གྱུར་བའི་ཐོག་མའང་ཡིན།
གཉིས་པ།
     སྒྲོ་ནེལ་སྒྲི་ཁྲི་རོམ་ཕུ་((Donald Trump)ལགས་སྲིད་འཛིན་གྱི་འོས་འགྲན་ལ་ལངས་པ་ནས་བཟུང་ཁོང་གི་གཏམ་བཤད་ཀྱི་འབོད་ཚིག་ནི། “ཨ་རི་བསྐྱར་དུ་རླབས་ཆེན་བཟོ་ཡི་ཡིན་”(Make America Great Again) ཟེར་བ་དེ་རེད། འབོད་ཚིག་འདིའི་རྒྱབ་ན་ད་ཡོད་ཀྱི་གནས་སྟངས་ཚང་མ་དམྱལ་བ་དང་གཅིག་མཚུངས་རེད་(All is hell)ཟེར་བའི་ཕྱོགས་སུ་ལྷུང་བའི་བསམ་ཚུལ་དེ་ཡང་ཡོད། “ཨ་རི་བསྐྱར་དུ་རླབས་ཆེན་བཟོ་ཡི་ཡིན་” ཟེར་བའི་འབོད་ཚིག་འདི་ཁྲི་རོམ་ཕུ་(Trump)ཡིས་གསར་དུ་བཟོས་པ་ཞིག་མིན། འདི་ཨ་རིའི་སྲིད་འཛིན་ཨང་བཞི་བཅུ་པ་རོ་ནེལ་སྒྲི་རེ་རྒན་ (Ronald Reagan) གྱི་ཕྱི་ལོ་༡༩༨༠ ལོའི་ཆབ་སྲིད་འོས་འགྲན་གྱི་འབོད་ཚིག་ཀྱང་ཡིན།
ད་ལོར་ཁྲི་རོམ་ཕུ་(Trump)ཡིས་ “ཨ་རི་བསྐྱར་དུ་རླབས་ཆེན་བཟོ་ཡི་ཡིན་” ཟེར་ནས་ཆབ་སྲིད་ཀྱི་ཁ་ཕོ་བསྒྲགས་པ་མ་གཏོགས། ཨ་རིའི་ད་ཡོད་ཆབ་སྲིད་དང་དཔལ་འབྱོར། དམག་དོན། ཕྱི་སྲིད་བཅས་ཀྱི་ཐད་ལ་ཕུགས་རྒྱང་ཅན་གྱི་འཆར་གཞི་གཅིག་ཀྱང་ཕྱི་ལ་བཏོན་མེད་པ་མ་ཟད། ད་ལྟའི་ཨ་རིའི་དཀའ་ངལ་ཚང་མ་སྲིད་འཛིན་ལས་ཐོག་པ་ཨོ་བྷ་མ་དང་ཁོང་གི་ཕྱོགས་གཏོགས་ཀྱི་མི་སྣ། དམངས་གཙོ་ཚོགས་པ་(Democratic Party) ཨ་རིའི་ནང་གི་སྐྱབས་བཅོལ་བ། གྲངས་ཉུང་མི་རིགས་ཁག ཐ་ན་སྤྱི་མཐུན་ཚོགས་པའི་(Republican Party)མགོ་ཁྲིད་ཚོ་བཅས་ཀྱི་སྟེང་ལ་ཡང་གཡུགས་ཡོད། དེར་བརྟེན། ཁོང་ཉིད་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་གྱུར་ན་ཡང་ཁོང་གི་ལྟ་ཚུལ་མང་པོ་ཞིག་སྤྱི་མཐུན་ཚོགས་པའི་ཆབ་སྲིད་ཀྱི་ལྟ་བ་དང་དཔལ་འབྱོར་ལངས་ཕྱོགས། རིན་ཐང་ལྟ་ཚུལ་སོགས་དང་མི་མཐུན་པ་མ་ཟད། སྤྱི་མཐུན་ཚོགས་པའི་འགོ་འཁྲིད་པོལ་རན་(Paul Ryan)གཙོས་པའི་གྲོས་ཚོགས་འཐུས་མའི་ཁོངས་ནས་ཁྲི་རོམ་ཕུ་(Trump)ལ་རྒྱབ་སྐྱོར་མི་བྱེད་མཁན་གྱི་གནད་ཡོད་མི་སྣའང་བརྒྱ་ཁ་ལོངས་པ་བྱུང་ཡོད། ད་དུང་། ཁོང་གི་སྲིད་འཛིན་འོས་འགྲན་སྐབས་ཀྱི་ཆབ་སྲིད་ཐ་སྙད་(Political Language)དག་ནི། བུད་མེད་ལ་མཐོང་ཆུང་(Misogyny)དང་མི་རིགས་དབྱེ་འབྱེད།(Racism) རིག་གཞུང་དང་གོམས་སྲོལ་ལ་བརྩི་མེད།(Nihilism) ཕོ་མོ་དབྱེ་འབྱེད།(Sexism) མི་རིགས་དཀར་པོ་མཆོག་གྱུར་གྱི་བསམ་བློ།(White Supremacy)་སོགས་ཀྱིས་བཅིངས་ཡོད་པ་མ་ཟད། ཁོང་གི་ཆབ་སྲིད་ཀྱི་ཐ་སྙད་འདི་དག་གི་དཔེ་མཚོན་གྱི་ཁོངས་སུ། ཨ་རིའི་ཆེད་དུ་རང་སྲོག་བློས་གཏོང་བྱེད་མཁན་གྱི་ཁ་ཆེ་བའི་བུ་ཕྲུག་གི་ཕ་མ་ལ་མཐོང་ཆུང་དང་བུད་མེད་ཀྱི་ཟླ་མཚན་ལ་ཟུར་ཟ་བྱས་པ་སོགས་ཀྱང་ཚུད་ཡོད། དེར་བརྟེན། འགྲོ་བ་མིའི་གཞི་རིམ་གྱི་རང་དབང་དང་འདྲ་མཉམ། དྲང་བདེན། གུ་ཡངས་བཅས་ཀྱི་ལྟ་ཚུལ་ལ་གུས་བཀུར་དང་ཆེ་མཐོང་མི་སྤྲོད་མཁན་གྱི་མི་ཞིག་ཨ་རིའི་སྲིད་འཛིན་ལ་འགྱུར་རྒྱུ་དེ་མི་མང་པོའི་བསམ་པར་འཁོར་མྱོང་མེད།  འོན་ཀྱང་། ང་ཚོའི་དེ་ནི་དངོས་ཡོད་དུ་གྱུར་བ་མ་ཟད་། སྒྲོ་ལེལ་སྒྲི་ཁྲི་རོམ་ཕུ་(Donald Trump)ཁོང་ལ་ཨ་རིའི་སྲིད་འཛིན་འོས་འགྲན་གྱི་རྒྱལ་ཁ་ཡང་ཐོབ་པ་རེད། དེས་ན། ཁོང་ལ་ཇི་ལྟར་ཨ་རིའི་སྲིད་འཛིན་འོས་འགྲན་གྱི་རྒྱལ་ཁ་ཐོབ་པ་རེད། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་སུ་རེད། དྲི་བ་འདི་དག་ལ་དབྱེ་ཞིབ་བྱེད་རྒྱུ་ཧ་ཅང་གནད་འགག་ཡིན་པ་མ་ཟད། མི་མང་པོའི་སེམས་ཁྲལ་གྱི་འབྱུང་ཁུངས་ལྟེ་བ་གཅིག་ཀྱང་དྲི་བ་འདི་དག་དང་འབྲེལ་བ་ངེས་ཅན་ཡོད།
གསུམ་པ།
     གོང་གི་དྲི་བ་འདི་དག་གི་ལན་མ་བཙལ་སྔོན་ལ་ང་ཚོས་ད་ལོའི་འོས་བསྡུའི་གྲུབ་འབྲས་ཀྱི་གྲངས་བཤེར་ལ་ཅིག་བལྟ། ཨ་རིར་མི་གྲངས་ས་ཡ་སུམ་བརྒྱ་ལྷག་ཡོད་པའི་ཁོངས་ནས་འོས་བསྡུའི་ཐོབ་ཐང་ཡོད་པ་མི་འབོར་ས་ཡ་ཉིས་བརྒྱ་སུམ་ཅུ་ལྷག་ཡོད། འོན་ཀྱང་། ད་ལོར་དངོས་སུ་འོས་བསྡུའི་ཆ་ཤས་ལེན་མཁན་མི་འབོར་དེའི་བརྒྱ་ཆ་ལྔ་བཅུ་ང་གསུམ་ཙམ་མ་གཏོགས་བྱུང་མེད། རྒྱུ་མཚན་ནི་མི་འབོར་གྱི་བརྒྱ་ཆ་བཞི་བཅུ་ཞེ་དྲུག་ཙམ་གྱིས་འོས་བསྡུའི་ཆ་ཤས་བླངས་མེད། མདོར་ན། ད་ལོར་འོས་བསྡུའི་ཆ་ཤས་ལེན་མཁན་མི་གྲངས་ས་ཡ་བརྒྱ་དང་ཉི་ཤུ་ལྷག་མ་གཏོགས་བྱུང་མེད་ཅིང་། འདི་ནི་འདས་པའི་ལོ་ངོ་ཉི་ཤུ་ལྷག་གི་ཁོངས་སུ་འོས་བསྡུའི་ཆ་ཤས་ལེན་མཁན་གྱི་གྲངས་ཀ་དམའ་ཤོས་དེ་ཆགས་ཡོད། འདི་ལ་རྒྱུ་རྐྱེན་མང་པོ་ཡོད་པའི་ཁྲོད་ཀྱི་རྒྱུ་རྐྱེན་ཆེ་ཤོས་དེ་ནི། ད་ལོའི་སྲིད་འཛིན་འོས་མི་གཉིས་ནི་ཨ་རིའི་ཆབ་སྲིད་ལོ་རྒྱུས་སྟེང་གི་ཆེས་མི་དགའ་བའི་སྲིད་འཛིན་འོས་མི་གཉིས་ (The Two Most Disliked Candidates in U.S. History) ལ་གྱུར་ཡོད། གང་ལྟར། སྲིད་འཛིན་འོས་མི་གཉིས་ལ་དགའ་བསུ་དང་བརྩི་བཀུར་ཆེན་པོ་ཡོད་མེད་ལ་མ་ལྟོས་པར་སྲིད་འཛིན་འོས་མི་ཁྲི་རོམ་ཕུ་ལ་མཐའ་མའི་རྒྱལ་ཁ་དེ་ཐོབ་པ་རེད།
དེ་ཡང་ཁྲི་རོམ་ཕུ་ལ་མངའ་སྡེའི་མཚོན་བྱེད་འོས་གྲངས་(Electro vote)མང་བ་ཐོབ་ཡོད། ཧིས་ལར་རེས་(Hillary) ལ་མི་མང་འོས་གྲངས(Popular vote)མང་བ་ཐོབ་ཡོད། མངའ་སྡེའི་མཚོན་བྱེད་འོས་གྲངས་དང་མི་མང་འོས་གྲངས་གཉིས་ཀྱི་གོ་དོན་ནི། སྔ་མ་དེ་མངའ་སྡེ་རེ་རེའི་མི་འབོར་པ་ལ་དཔག་པའི་ཚབ་མཚོན་འོས་གྲངས་དེ་ཡིན། དཔེར་ན། ནེའུ་ཡོག་མངའ་སྡེ་ལྟ་བུར་མངའ་སྡེའི་མཚོན་བྱེད་འོས་གྲངས་ཉེར་བརྒྱད་ཡོད། ཕྱི་མ་མི་མང་འོས་གྲངས་ནི་མི་སྒེར་བ་རེ་རེའི་འོས་གྲངས་དེ་ཡིན། གཞན། ད་ལོའི་མི་མང་འོས་གྲངས་དེ་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཧི་ལར་རེས་ལ་མང་བ་ཐོབ་ཡོད་རུང་། མངའ་སྡེའི་མཚོན་བྱེད་འོས་གྲངས་དེ་སྤྱི་མཐུན་ཚོགས་པའི་འོས་མི་ཁྲི་རོམ་ཕུ་ལ་ཐོབ་པས་ཁོང་ལ་སྲིད་འཛིན་རྒྱལ་ཁ་ཐོབ་པ་རེད། མི་མང་གི་འོས་གྲངས་མང་བ་ཐོབ་མཁན་དེ་སྲིད་འཛིན་དུ་མ་གྱུར་བའི་གནས་སྟངས་འདི་ལྟ་བུ་བྱུང་བ་ཉུང་མོད། སྤྱི་ལོ་ཉིས་སྟོང་ལོའི་ཨ་རིའི་སྲིད་འཛིན་འོས་འགྲན་སྐབས་ཀྱི་འོས་མི་རྦུའུ་ཞིས་(George W. Bush) དང་ཨལ་སྒོར་(Al Gore)གཉིས་ཀྱི་སྐབས་ལ་ཡང་ད་ལོའི་གནས་སྟངས་ལྟ་བུ་བྱུང་ཡོད། གང་ལྟར། མངའ་སྡེའི་མཚོན་བྱེད་འོས་གྲངས་དང་མི་མང་འོས་གྲངས་གཉིས་ནི་ཨ་རིའི་འོས་བསྡུའི་ཆབ་སྲིད་རིག་གཞུང་(Political culture)གི་མ་ལག་གལ་ཆེན་གཉིས་ཡིན་ལ་འདི་གཉིས་ཀྱི་ལོ་རྒྱུས་ཀྱང་རིང་།
བཞི་བ།
    དེས་ན། སྲིད་འཛིན་འོས་མི་ཁྲི་རོམ་ཕུ་ལ་ཇི་ལྟར་རྒྱལ་ཁ་ཐོབ་པ་རེད་དམ་ཞེ་ན། རྒྱལ་ཁ་འཐོབ་པ་ལ་རྒྱབ་སྐྱོར་རག་དགོས་པ་རེད། དེར་བརྟེན། ཁོང་ལ་རྒྱབ་སྐྱོར་ཇི་ལྟར་རག་པའི་སྐོར་ལ་དབྱེ་ཞིབ་ཅིག་བྱེད། ཁོང་ལ་རྒྱབ་སྐྱོར་རག་སྟངས་ཀྱི་ཐད་ལ་ཆབ་སྲིད་དབྱེ་ཞིབ་ཀྱི་དྲི་ལན་བརྒྱ་ཕྲག་མང་པོ་ཡོད་པའི་གྲས་ཀྱི་གལ་ཆེ་བ་འགའ་ནི། གཅིག་ནས་ཁོང་ལ་ཝ་ཞིན་ཀྲོན་(Washington)གྱི་ཆབ་སྲིད་པ་ཚོའི་གཤིས་སྤྱོད་ལས་ལྡོག་པའི་ཁ་རུ་ཁ་ཐུག་གི་གཤིས་ཀ་ཞིག་ཡོད་པ་དེ་དང་། ཁོང་གིས་ཇི་བསམ་པ་དེ་ཐད་ཀར་བཤད་པ་མ་གཏོགས་ཆབ་སྲིད་པ་ཚོ་ལྟར་རང་གི་བསམ་ཚུལ་ལ་རྐྱོང་སྐུམ་དང་བཅོས་བསྒྱུར་སོགས་མི་བྱེད་པ་དེ་རེད། ལྷག་པར་དུ། ཁོང་གི་བསམ་ཚུལ་ཁག་ལ་ “ཚོར་སྣང་གཟུངས་བཞུགས་ཅན་གྱི་ཐ་སྙད” (emotionally-charged language)་ཀྱི་ནུས་པ་ཤུགས་ཆེ། གཉིས་ནས་ཁོང་ནི་ཝ་ཞིན་གྲོན་གྱི་ཆབ་སྲིད་ཀྱི་དཀྱིལ་འཁོར་ལ་འཛུལ་མ་མྱོང་བའི་ཕྱི་མི་ཞིག་ཡིན་པ་མ་ཟད་། ཨ་རིའི་སྲིད་གཞུང་དང་ཆབ་སྲིད་མི་སྣ། ཆབ་སྲིད་ཀྱི་སྒྲིག་འཛུགས་སོགས་ལ་འཛེམ་ཟོན་མེད་པར་དགག་པ་རྒྱག་མཁན་ཞིག་ཡིན་པ་དེ་རེད། དཔེར་ན། ཁོང་གིས་ད་ལྟའི་སྲིད་གཞུང་དང་དམངས་གཙོ། འོས་བསྡུའི་ལམ་ལུགས་སོགས་ཚང་མ་རུལ་སུངས་རེད་ཅེས་དམའ་འབེབས་ཀྱང་བྱས་ཡོད། གསུམ་ནས་ཁོང་གིས་འོས་བསྡུའི་འགྲོ་སོང་ཚང་མ་རང་གི་དངུལ་ཁུག་ནས་གཏོང་བ་མ་གཏོགས་གཞན་གྱི་ཞལ་འདེབས་ལེན་གྱི་མིན་ཟེར་བ་དེ་རེད། དེ་ཡང་ཁོང་གི་འོས་འགྲན་ལ་བཟོ་ཚོང་ཁང་ཁག་དང་། ཕྱུག་བདག་ཚོ་དང་ཆབ་སྲིད་པ་ཚོའི་དངུལ་སྒོར་དང་ཤུགས་རྐྱེན་གཉིས་ཡོང་གཞི་མེད་པ་བཟོས་པ་དེ་རེད། བཞི་ནས་ཁོང་གིས་སྐྱབས་བཅོལ་བ་ཚོར་དགག་རྒྱག་བྱས་ཡོད་པ་མ་ཟད། ལྷག་དོན་ཨ་རིའི་དཔལ་འབྱོར་གྱི་གོ་སྐབས་མང་པོ་འཕྲོག་མཁན་ནི་སྐྱབས་བཅོལ་བ་ཚོ་ཡིན་པའི་བསྙོན་འཛུགས་ཀྱང་བྱས་ཡོད། གང་ལྟར། རྒྱུ་རྐྱེན་ཆེ་གྲས་འདི་དག་ལ་བརྟེན་ནས་ཁོང་གིས་ཨ་རིའི་མི་མང་གི་ཁོངས་སུ་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མི་འབོར་སྟོབས་ཤུགས་(Biopower)ཤིག་རྙེད་ཅིང་མི་འབོར་བྱེ་བྲག་པ་དེའི་ཁོངས་སུ་ཁོང་གི་གྲགས་པ་འབར་བ་རེད།
ལྔ་པ།
      དེས་ན། ཁྲི་རོམ་ཕུ་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་སུ་རེད་དམ་ཟེར་ན། ཐེངས་འདིའི་ཨ་རིའི་སྲིད་འཛིན་འོས་འགྲན་ཁྲོད་དུ། ཁྲི་རོམ་ཕུ་ལ་རྒྱབ་སྐྱོར་བྱེད་མཁན་གཙོ་བོ་རྣམས་ནི། ས་ཁུལ་གྱི་དབང་དུ་བྱས་ན་ཨ་རིའི་དཀྱིལ་ནུབ་(Midwest)ཁུལ་གྱི་མངའ་སྡེ་ཁག་གཙོ་བོ་རེད། མངའ་སྡེ་དེ་དག་གི་ཁྲོད་ནས་ཀྱང་གྲོང་གསེབ་(Rural America)ཁག་རེད། གྲོང་གསེབ་ཁག་ན་ཡོད་པའི་(White working class)ངལ་རྩོལ་མི་མང་མི་རིགས་དཀར་པོ་རྣམས་རེད། ལོ་ནའི་དབང་དུ་བྱས་ན། ལོ་ན་བཞི་བཅུ་ཞེ་ལྔ་ཡན་གྱི་མི་རིགས་དཀར་པོ་རྣམས་ཡིན་ལ། ཤེས་ཡོན་གྱི་དབང་དུ་བྱས་ན་སློབ་འབྲིང་གི་ལག་འཁྱེར་མ་གཏོགས་མེད་མཁན། ཡོང་སྒོའི་དབང་དུ་བྱས་ན་ལོ་གཅིག་ལ་ཨ་སྒོར་སྟོང་ཕྲག་བཞི་བཅུའི་མན་བཟོ་མཁན་གྱི་མི་རིགས་དཀར་པོ་རྣམས་ཡིན། འོན་ཀྱང་། ཁོང་ཚོ་རྐྱང་པ་མིན་པར་ཤེས་ཡོན་ཅན་དང་དཔལ་འབྱོར་ཅན་གྱི་གྲོང་ཁྱེར་དུ་གཏོགས་པའི་མི་རིགས་དཀར་པོ་རྣམས་ཀྱིས་ཀྱང་ཁོང་ལ་རྒྱབ་སྐྱོར་བྱས་ཡོད། ད་དུང་། ཨེ་ཤ་ཡའི་མི་རིགས་དང་མི་རིགས་ནག་པོ། ལྷོ་ཨ་མེ་རི་ཁའི་མི་རིགས་བཅས་ཀྱི་ཁོངས་སུ་ཡང་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་བྱུང་ཡོད་། དེ་དག་ལས་ཨ་རིའི་གྲོང་གསེབ་ཀྱི་ངལ་རྩོལ་མི་མང་མི་རིགས་དཀར་པོ་རྣམས་ནི་ཐེངས་འདིའི་འོས་བསྡུའི་ཁྲོད་དུ་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་གཙོ་བོ་དེ་ཡིན། དེ་ཡང་ཞིབ་ཏུ་བཏང་ན། སྤྱི་ཡོངས་ནས་ཁོང་ལ་མི་རིགས་དཀར་པོའི་བརྒྱ་ཆ་ལྔ་བཅུ་ང་བརྒྱད་ཙམ་གྱིས་རྒྱབ་སྐྱོར་དང་བྱེ་བྲག་ཏུ་གྲོང་གསེབ་ཏུ་གནས་སྡོད་མི་རིགས་དཀར་པོའི་བརྒྱ་ཆ་དྲུག་ཅུ་རེ་གཉིས་ལྷག་གིས་རྒྱབ་སྐྱོར་བྱས་ཡོད། རིག་གཞུང་གི་ཐད་ནས་གྲོང་གསེབ་དུ་གནས་སྡོད་མི་རིགས་དཀར་པོ་འདི་རྣམས་ལ་ “སྐེ་དམར་” (Redneck)ཟེར་ནས་འབོད་སྲོལ་ཡོད་ལ། ཆབ་སྲིད་དང་དཔལ་འབྱོར་གྱི་ངོས་ཐད་ནས་གླེང་ན། ཁོང་ཚོར་ད་ལོར “་ཁོང་ཁྲོ་ཅན་གྱི་མྱི་དཀར་དག”(Angry Withe Men) ཞེས་འབོད་བཞིན་ཡོད།
དྲུག་པ།
     སྒང་གི་གནད་དོན་དེ་དབྱེ་ཞིབ་ཀྱི་དྲི་བར་བསྒྱུར་ན། ཁོང་ཚོའི་སེམས་ཀྱི་ཁོང་ཁྲོ་དེ་ཅི་ཞིག་ཡིན་ནམ། ཨ་རིའི་དཀྱིལ་ནུབ་ས་ཁུལ་གྱི་གྲོང་གསེབ་ཁག་གི་མི་རིགས་དཀར་པོ་རྣམས་ཀྱིས་ཁྲི་རོམ་ཕུ་ལ་ཅིའི་ཕྱིར་རྒྱབ་སྐྱོར་བྱས་པ་ཡིན། ཁྲི་རོམ་གྱིས་ཁོང་ཚོའི་དཀའ་ངལ་དག་སེལ་ཐུབ་བམ། ཨ་རིའི་གྲོང་གསེབ་ཀྱི་མི་རིགས་དཀར་པོ་རྣམས་ཀྱི་ཁོང་ཁྲོ་དེ་ནི་གཏིང་ཟབ་པའི་ཆབ་སྲིད་ཀྱི་ཁོང་ཁྲོ་(Political resentment)ཞིག་ཡིན། ཁོང་ཚོའི་ཆབ་སྲིད་ཀྱི་ཁོང་ཁྲོ་དེའི་རྒྱབ་ན་དཔལ་འབྱོར་གྱི་སེམས་ཁྲལ་(Economic anxiety)ཡང་ཡོད། རྒྱུ་མཚན་ནི། ཨ་རིའི་དཔལ་འབྱོར་བཟོ་ལས་ཅན་ཏུ་གྱུར་བ་དང་བཟོ་ཚོང་ཁང་ཆེ་ཁག་གི་ནུས་ཤུགས་ཆེ་རུ་ཕྱིན་པ། སྲིད་གཞུང་གིས་གོ་ལའི་ཚོང་འབྲེལ་རྒྱ་བསྐྱེད་བྱས་པ། ལྷག་པར་དུ་བཟོ་ཚོང་ཁང་ཆེ་ཁག་གི་བདག་པོ་གྲོང་ཁྱེར་དུ་སྡོད་པའི་ཕྱུག་བདག་རྣམས་སུ་གྱུར་བ་བཅས་ཀྱིས་གྲོང་གསེབ་ཀྱི་ངལ་རྩོམ་མི་མང་རྣམས་ཀྱི་སྒལ་ཚུགས་ལྟ་བུའི་བཟོ་ཚོང་མཐུན་གྲོགས་ཀྱི་ནུས་པ་སྐྱོ་རུ་ཕྱིན་ཅིང་བཟོ་ཚོང་མཐུན་གྲོགས་རྣམས་ཀྱིས་བཟོ་ཚོང་ཁང་ཆེ་ཁག་ལ་སྟངས་འཛིན་བྱེད་པའི་ནུས་པ་ཡང་ཇེ་ཆུང་ལ་ཕྱིན་པ་རེད། དེར་བརྟེན། མི་རིགས་དཀར་པོ་ཡིན་པའི་གྲོང་གསེབ་ཀྱི་ངལ་རྩོལ་པ་རྣམས་ཀྱི་རང་ལ་ཡོད་པའི་དཔལ་འབྱོར་གྱི་གོ་སྐལ་ཤོར་འགོ་ཚུགས་པ་རེད། ད་དུང་། ཁོང་ཚོས་སོ་སོའི་ཕ་མ་ཚོ་ནང་བཞིན་དཔལ་འབྱོར་གྱི་ཡོང་སྒོ་ཡང་འབོར་ཆེན་བཟོ་ཐུབ་ཀྱི་མེད་པ་མ་ཟད་། “ཨ་རིའི་རྨི་ལམ་”(American dream)ཟེར་བའི་ཆབ་སྲིད་རིག་གཞུང་ཁྲོད་ཀྱི་ཕུགས་བསམ་དེ་ཡང་མངོན་འགྱུར་བྱེད་མི་ཐུབ་པ་ཚོར་བ་རེད། དེ་བས་ཀྱང་། ཁོང་ཚོའི་བསམ་བློར་གྲོང་ཁྱེར་དུ་སྡོད་མཁན་རྣམས་གནད་དོན་ཐག་གཅོད་མཁན་དང་གྲོང་གསེབ་ཏུ་སྡོད་མཁན་རྣམས་ཐག་གཅོད་དེར་ཉན་མཁན། དེ་ཡང་ཁོང་ཚོའི་ཆབ་སྲིད་བསམ་ཚུལ་དང་དཔལ་འབྱོར་གྱི་དཀའ་ངལ་རྣམས་ལ་ད་ཡོད་སྲིད་གཞུང་གིས་ཉན་འཇོག་བྱེད་ཀྱི་མེད་པ་མ་ཟད་། ཐ་ན་ཁོང་ཚོའི་རིག་གཞུང་དང་སྤྱི་ཚོགས་ལྟ་ཚུལ་ལ་བརྩི་འཇོག་ཙམ་ཡང་བྱེད་ཀྱི་མེད་པའི་ཚོར་སྣང་དེ་ཡོང་གི་ཡོད། ད་དུང་། སྐྱབས་བཅོལ་བ་རྣམས་ཀྱིས་ཁོང་ཚོའི་དཔལ་འབྱོར་གྱི་གོ་སྐབས་འཕྲོག་གི་ཡོད་པའི་སྣང་བ་དེ་ཡང་ཞོར་ནས་ཡོང་ཡོད། གནས་སྟངས་འདི་དག་གིས་ཁོང་ཚོའི་སེམས་སུ་ཆབ་སྲིད་ཀྱི་ཁོང་ཁྲོ་དང་དཔལ་འབྱོར་གྱི་སེམས་ཁྲལ་གཉིས་ཅིག་ཅར་དུ་སྤུངས་ཡོད་པ་མ་ཟད། མི་རིགས་དཀར་པོའི་གུ་དོག་པའི་རྒྱལ་ཞེན་དེ་ཡང་ཆེ་རུ་གཏོང་བཞིན་ཡོད། མི་རིགས་དཀར་པོའི་གུ་དོག་པའི་རྒྱལ་ཞེན་ཇི་ལྟར་ཆེ་རུ་ཕྱིན་ན། དེ་ནི་ཨ་རིར་ཡོད་པའི་མི་རིགས་གཞན་པ་ཁག་དང་མི་རིགས་དཀར་པོ་གཉིས་ཀྱི་དབར་ཆབ་སྲིད་དང་དཔལ་འབྱོར། རིག་གཞུང་བཅས་ཀྱི་འགལ་ཟླ་ཆེ་རུ་འགྲོ་གཞི་ཆགས་ཡོད།
བདུན་པ།
      ཁྲི་རོམ་ཕུ་ཡིས་ཨ་རིའི་ངལ་རྩོལ་མི་མང་མི་རིགས་དཀར་པོ་རྣམས་ཀྱི་ཆབ་སྲིད་ཀྱི་ཁོང་ཁྲོ་དང་དཔལ་འབྱོར་གྱི་སེམས་ཁྲལ་དེ་གཉིས་བེད་སྤྱོད་བཏང་སྟེ་སྲིད་འཛིན་འོས་འགྲན་གྱི་རྒྱལ་ཁ་བླངས་པ་མ་གཏོགས་ཁོང་གིས་དཀའ་ངལ་དེ་དག་སེལ་བའི་ཐབས་ལམ་སྐོར་གླེང་སློང་རྒྱ་ཆེར་བྱས་མེད། མ་གཞི་ནས་ཁོང་ཚོའི་དཀའ་ངལ་དག་ནི་ད་ཡོད་སྲིད་གཞུང་གི་དཔལ་འབྱོར་སྲིད་ཇུས་དང་ཆབ་སྲིད་ལངས་ཕྱོགས་གཉིས་ལ་ཐད་ཀར་འབྲེལ་བ་ཡོད་པ་དང་། དེ་གཉིས་ཀྱིས་ཐད་ཀར་གཙང་སེལ་ཐུབ་པ་གང་ཡང་མ་ཡིན་པར། རྒྱ་ཆེ་ས་ནས་བཤད་ན། དཀའ་ངལ་དེ་དག་ནི་བཟོ་ལས་དེང་རབས་ཅན་དང་ཚན་རིག་འཕྲུལ་རྩལ། ཚོང་ལས་གོ་ལ་ཅན་དུ་གྱུར་བའི་གནས་སྟངས་བཅས་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་རེད། དེར་བརྟེན། ལོ་རྒྱུས་དེ་ཕྱིར་སྣུར་བྱས་ན་མ་གཏོགས་ཁོང་ཚོའི་དཀའ་ངལ་དག་རྨང་ནས་སེལ་རྒྱུ་ཧ་ཅང་དཀའ། དེ་བས་ན། ཁོང་ཚོས་སྒྲུབ་ཐུབ་དགོས་པ་ནི། ཁོང་ཚོས་ཨ་རིའི་རྨི་ལམ་དེ་རྨི་མཚམས་བཞག་ནས་གུ་ཡངས་པའི་སྒོ་ནས་དངོས་ཡོད་སྤྱི་ཚོགས་ཀྱི་དཀའ་ངལ་རྣམས་ལ་གདོང་ལེན་བྱ་རྒྱུ་དེ་རེད། གལ་ཆེ་བ་དེ་ཡང་འདི་རེད། 
བརྒྱད་པ།
     མདོར་ན། ཨ་རིའི་གྲོང་གསེབ་ཁག་གི་ངལ་རྩོལ་མི་མང་མི་རིགས་དཀར་པོ་(White Working Class)ཡིན་པ་རྣམས་ཀྱི་རྒྱབ་སྐྱོར་འོག ཨ་རིའི་སྤྱི་ཚོགས་ཁྲོད་ཀྱི་བུད་མེད་ལ་མཐོང་ཆུང་དང་མི་རིགས་ལ་དབྱེ་འབྱེད། གྲངས་ཉུང་མི་རིགས་ལ་ཁྱད་གསོད། མི་རིགས་དཀར་པོར་ཞེན་སེམས།  ད་དུང་སྟོང་བསམ་རིང་ལུགས་ཀྱི་ཁ་ཕོ་སྒྲོག་མཁན་གྱི་ཕྱུག་བདག་ཅིག་ཨ་རིའི་སྲིད་འཛིན་ཨང་ཞེ་ལྔ་པར་གྱུར་བ་འདིས། ལོ་ངོ་བརྒྱ་ཕྲག་འགའ་ཡི་ལོ་རྒྱུས་ལྡན་པའི་ཨ་རིའི་མང་གཙོའི་སྒྲོམ་གཞི་དང་རིན་ཐང་ལྟ་བ། ད་ཡོད་དཔལ་འབྱོར་དང་དམག་དོན། ཆབ་སྲིད།  རྒྱལ་སྤྱིའི་འབྲེལ་ལམ་སོགས་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་བ་ཡོང་མི་སྲིད་པ་ཞིག་ཡིན་མོད། སྲིད་འཛིན་ཁོང་གིས་རང་ཉིད་སྒེར་ལ་ཡོད་པའི་གུ་དོག་པའི་གཤིས་སྤྱོད་དང་ལྟ་ཚུལ་དག་ལ་གསར་བརྗེ་ཆེན་པོ་ཞིག་མ་བྱས་པར་སྔར་བཞིན་རང་སྣང་གང་དྲན་གྱི་བྱ་སྤྱོད་སྤེལ་བསྡད་ཚེ། ད་ཡོད་ཨ་རིའི་སྤྱི་ཚོགས་སུ་མི་རིགས་དབྱེ་འབྱེད་དང་གྲངས་ཉུང་མི་རིགས་ལ་ཁྱད་གསོད། གུ་དོག་པའི་མི་རིགས་དཀར་པོའི་རྒྱལ་ཞེན་སོགས་ཀྱི་ན་ཚ་དེ་ཆེ་རུ་འགྲོ་རྒྱུ་ཡིན་པ་ནི་ཟུར་བལྟས་ལེབ་མཐོང་ཡིན། ཞོར་ནས། ཨ་རིའི་སྤྱི་ཚོགས་སུ་ཕུགས་བསམ་དང་མདུན་ལམ། འཚོ་བ་བཅས་གཉེར་མཁན་གྱི་བོད་མི་རྣམས་ལ་ཡང་དངོས་ཤུགས་གང་རུང་ནས་ག་ལེ་ག་ལེར་ན་ཚ་འདི་དག་གི་ཤུགས་རྐྱེན་ཐེབས་སྲིད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།