ལམ་གྱི B D L



རྩོམ་པ་པོ། ཇ་ལོ།

ང་ནི་འཇའ་ཚོན་གྱོན་པའི་འགྲུལ་བ་གཉོམ་ཆུང་དེ།།

ལམ་གྱི་ནང་གི་ཉི་འོད་དེད་བཞིན་དུ།།

ཁྱེད་ཀྱི་གམ་དུ་གཅར་བར་རྩོམ་པའི་ཚེ།།

ནམ་མཁའི་ཀློང་གི་སྤྲིན་ནག་ཕྱོགས་སུ་བསྡུ།།

ཆར་ཤ་མིག་གི་མདངས་སུ་ག་ལེར་སིམ།།


ང་ནི་དུས་ཚོད་ནང་གི་ལང་ཚོའི་གཟི་དཔལ་དང་།།

ལས་འཕྲོའི་རི་མོ་ནག་པོ་ནག་རྐྱང་དེའི།།

གཙང་བོའི་ངོགས་ཀྱི་སྡུག་བསྔལ་རྩིས་པ་ལ།།

མཛེས་པའི་རྨི་ལམ་རྒྱང་ནས་ལྷག་ཟིན་པའི།།

མི་ཚོགས་དཀྱིལ་གྱི་རང་ཉིད་བོར་སྟོར་བྱུང་།།


ང་ནི་ཕོ་བྲང་དཀར་བོར་ཁ་བ་འདྲེན་མཁན་གྱི།།

བར་སྐོར་གླིང་གི་ལྐོག་ངུ་ཤོར་མཁན་ཞིག།

ཕ་ཡུལ་ལྟ་བུའི་སེམས་ཀྱི་ཁང་ཆུང་ལ།།

སྙིང་གི་དམར་ཤ་ཕར་ལ་སྲིང་བཞིན་དུ།།

འདས་པོ་གང་གི་ངོ་གདོང་གཡོར་བཞིན་ངུས།།


ང་ནི་རླུང་བུའི་ཁུད་ཀྱི་དར་ལྕོག་ཐེད་པོ་བཞིན།།

ལྷབ་ལྷུབ་གཡོ་ཞིང་སིག་སིག་འདར་བར་བཏང་།།

མེ་ཏོག་གསེབ་ཏུ་དུག་སྦྲུལ་སྦས་མཁན་དེར།།

འཛུམ་ཆུང་མུལ་བའི་སྙིང་སྟོབས་ཙམ་མེད་པར།།

འཆི་བའི་གམ་ནས་སེམས་ཀྱི་ཕར་ཚུར་ཉུལ།།


ང་ནི་སྐྱོ་བའི་གདོང་ལ་ལག་པས་མི་བྱིལ་བའི།།

མེ་ལྕེ་ཤི་བོར་གྲང་འཁྱགས་གླན་མཁན་ཞིག།

ཕ་ཤུལ་བུ་ཡིས་ཤོར་བའི་གདུང་ཡས་ལ།།

སྤྱན་ཟུང་སྡུག་གི་མཚོ་མོ་སྐྱོར་བཞིན་དུ།།

ཨར་ཁང་ནང་གི་སྨད་འཚོང་ཡིན་ན་བསམ།།

11/2019