རང་དབང་གླེང་སྟེགས། རང་དབང་གླེང་སྟེགས།
འབྱུང་ཁུངས། སྤེལ་མཁན། རྩོམ་པ་པོ།དྲ་ཚིགས་དོ་དམ་པས། སྤེལ་དུས།2016-10-29
ཧི་མ་ལའི་རང་དབང་གླེང་སྟེགས།                                                
 གླེང་སྟེགས་འདི་ནི་ཧི་མ་ལའི་རིག་མཛོད་ཁང་གི་གཙོ་འཛིན་པ་སྤྲུལ་ཚེ་རིང་རྡོ་རྗེ་དང་རྨེ་གྲྭ་ཚེ་རིང་བསམ་འགྲུབ་གཉིས་ཀྱི་ཐུགས་ཁུར་འོག་སྤྱི་ལོ ༢༠༡༢ ཟླ ༦ པའི་ནང་གསར་དུ་དབུ་བཙུགས་ཤིང་།  ད་ལྟའི་བར་དུ་ཐེངས༼ཉེར་དྲུག༽ལ་འཚོགས་ཟིན།   གླེང་སྟེགས་འདི་བསྒྲུབ་པའི་དམིགས་ཡུལ་གཙོ་བོ་ནི།  ཧི་མ་ལའི་རིག་མཛོད་ཁང་གི་ཆེད་ཞུགས་ཚོགས་མི་ཡོངས་ཀྱི་ཤེས་ཡོན་གྱི་ཆུ་ཚད་གོང་འཕེལ་དང་།  བསམ་བློའི་གོ་རྟོགས།   ཉན་བཤད་སྦྱོང་བརྡར།  སྤོབས་པ་མཐོར་འདེགས་སོགས་ཀྱི་ཆེད་དུ་དམིགས་པ་ཡིན། 

༼ཧི་མ་ལའི་རང་དབང་གླེང་སྟེགས་གཙོ་སྐྱོང་བའི་སྡེ།༽

གླེང་སྟེགས་འདིར་ཞུགས་པའི་མི་སུ་ཡིན་ཡང་གཤམ་གསལ་གྱི་སྒྲིག་གཞིའི་རྩ་དོན་གསུམ་ལ་བརྩི་བཀུར་བྱེད་དགོས།     

༡  རང་གཞན་གྱི་མདུན་ལམ་ལ་བསམ་གཞིག་གནང་སྟེ་ཁེ་ཕན་ལས་ཉེན་ཁ་ཆེ་བའི་སྐད་ཆའི་སྒྲོམ་གཞི་མི་འཛིན་པ།

༢ ང་ཚོའི་ཕྱི་ནང་གི་མཐུན་སྒྲིལ་ལ་དམིགས་ནས་མི་སྒེར་སྟེང་གི་སྐྱོན་ཆ་ཐེར་འདོན་བྱེད་པའི་འགན་འཁྲི་ཕྲག་སྟེང་དུ་མི་ལེན་པ།

༣ སྣ་མང་རིག་གནས་ལ་གོང་བཀུར་དང་བསམ་བློའི་གྲུབ་ཆ་མི་འདྲ་བ་ལ་དཀྱེལ་ཡངས་ངང་ཕན་ཚུན་ལ་གདེང་འཇོག་གནང་བ་བཅས་ཡིན། སྐབས་ཉེར་དྲུག་པའི་ཧི་མ་ལའི་རང་དབང་བགྲོ་གླེང་གི་རྣམ་པ།

 ཉིས་སྟོང་བཅུ་བཞི་བའི་ཟླ་དགུ་བའི་ཚེས་དྲུག གཟའ་སྤེན་པའི་ཉིན། ངེད་ཧི་མ་ལའི་རིག་མཛོད་ཁང་གི་རང་དབང་གླེང་སྟེགས་སུ་ཨེ་ཛི་རང་འགོག་པ་ཆོས་དཔལ་བཟང་བོ་ཕེབས་ཏེ་ཨེ་ཛིའི་ནད་དུག་ཐོག་མར་བྱུང་ཚུལ་དང་དེས་གནོད་འཚེ་ཤུགས་ཆེན་ཐེབས་པའི་ས་གནས་སོགས་ངོ་སྤྲོད་གནང་སོང་། དེར་མ་ཟད་ད་དུང་ཨེ་ཛིའི་ནད་དུག་དེ་ལ་འཚོ་བའི་ཕྱོགས་ནས་འཛེམ་དོགས་བྱ་དགོས་པའི་རིགས་དང་དོ་སྣང་གལ་ཆེན་བྱ་དགོས་པའི་རིགས་ཀྱང་གསལ་བོར་གསུངས་བྱུང་། སྐབས་དེར་ངེད་ཧི་མ་ལའི་རིག་མཛོད་ཁང་གི་ལས་མི་ཚོས་ཀྱང་དེའི་སྐོར་གྱི་དོགས་གཞི་དང་བསམ་ཚུལ་སོགས་དྲི་བ་དྲིས་ལན་གྱི་སྒོ་ནས་ཁོང་དང་མཉམ་རོལ་བྱེད་པའི་གོ་སྐབས་དང་འཕྲད་པས་དགའ་སྤྲོ་ཧ་ཅང་སྐྱེས་ཡོད།


ཨེ་ཛི་རང་འགོག་པ་ཆོས་དཔལ་བཟང་བོས་གཏམ་བཤད་བྱེད་བཞིན་པ།

ཧི་མ་ལའི་རིག་མཛོད་ཁང་གི་ལས་མི་དག་གིས་རང་འགོག་པའི་གཏམ་བཤད་ལ་ཉན་བཞིན་པ།

ཧི་མ་ལའི་རིག་མཛོད་ཁང་གི་ལས་མིས་དྲི་བ་འདྲི་བཞིན་པ།
༢༠༡༤.༩.༩ ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་པའི་སྟེང་།   ཚོགས་གནས། ཧི་མ་ལའི་རིག་མཛོད་ཚོགས་ཁང་ཆེན་མོ།

སྐབས་ཉེར་བཞི་བའི་ཧི་མ་ལའི་རང་དབང་བགྲོ་གླེང་ལ་ཆེད་དུ་རྣམ་དཔྱོད་ཁྱེའུ་གསོ་བའི་ཐབས་མཆོག་སྟེ་
ཁེད་ཀྱི་སྒོ་ནས་བློ་རིག་འགྲན་བསྡུར་ཞིག་སྤེལ་བ་ཡིན

རྒྱ་རིང་བོ་རིང་བོ། །རྗེས་དོང་ཙེ་འདྲ་བ། ༼མདུང་།༽ཁ་མེད་ཁོག་པ་མར་ཁུས་གང་། ༼རྐང་། ༽འགྲོ་དུས་ཤ་རྐང་། འདུག་དུས་ཤིང་རྐང་། ༼སྦྲ་ནག༽ཨ་ཁུ་ཚང་གི་ཕུག་ཐོ་ན། །རྟེའུ་ཁྱ་ལོ་རྔ་མདུད་ཅན། །༼རྣ་ལུང་། ༽འགྲོ་དུས་གླུ་ལེན་མ། །འདུག་དུས་གར་རྩེད་མ། །༼ རླུང་། ༽ཆུང་ཆུང་གི་བཙན་པོ་མ། ༼ གཡེར་མ།༽




དབྱར་གསུམ་གསུམ་གྱི་ཐིག་ལེ་ཅན། །དགུན་གསུམ་དུང་གི་ཕྱག་རྒྱ་ཅན། །ས་འདི་ན་མེད་ཀྱང་བྱང་ན་ཡོད། །བྱང་གི་ལུང་ཆེན་སྟོད་ན་ཡོད། །༼ཤ་བ།༽སྲིད་པའི་བྱ་རྒྱལ་ཁྱུང་ཆེན་ལ། །བྱ་སྒྲོ་ལེབ་ཆེན་བཅུ་གཉིས་དང་། །ལེབ་ཆུང་སུམ་བརྒྱ་དྲུག་ཅུ་ཡོད། །སྒྲོ་ཕྱེད་ཡ་དཀར་དང་ཕྱེད་པ་ནག ། ༼ ལོ་ཟླ་བ་ཉིན་ཉིན་མཚན་བརྗེ་བ། ༽སྦྲུལ་ནག་ལྕགས་ཀྱི་མགོ་བོ་ཅན། །རིན་ཆེན་རི་ལ་སྐོར་བ་བྱེད། །རང་གི་རྔ་མ་རང་གིས་ཟོས། །༼ཆབ་མ། ༽ཤིང་ཁྲིའི་ཐོག་ན་དུང་ཁྲི། །དུང་ཁྲིའི་ཐོག་ན་མཚོ་མོ། །མཚོ་མོའི་ནང་ན་གསེར་ཉ། །༼ཅ་ནེའི་ནང་གི་ཇ་མར། ༽གྲྭ་བ་བརྒྱ་ལ་གྲྭ་ཁང་བརྒྱ། །གྲྭ་ཁང་བརྒྱ་ལ་དར་ལྕོག་བརྒྱ། །༼ནས་ཀྱི་སྙེ་མ།༽མདའ་མ་འཕངས་ལུང་པ་མདེའུས་གང་། ༼ སྟོན་ཀའི་སྡོང་ལོ་སར་ལྷུང་བ། ༽



ཆུ་ཡོད་ཀྱང་བརླན་མེད། །རི་ཡོད་ཀྱང་གཅན་གཟན་མེད། །ལམ་ཡོད་ཀྱང་འགྲོ་མཁན་མེད། །༼ས་ཁྲ༽རྒྱ་རྫོང་ནགས་ལ་མི་ཐོག །རྒྱ་སྟག་ངར་མའི་དོ་ཟླ། །ཤ་དང་ཁྲག་གི་འཚོ་རྟེན། །རི་སྤྱང་སྔོན་མོའི་དོ་ཟླ། །སྐད་ཅིག་དེ་ཉིད་ཐོན་པ། །འདབ་ཆགས་བྱ་ཡི་དོ་ཟླ། །༼ཤ་སྦྲང་།༽ཨོང་མགོ་ཡོད་རུང་འདུག་མི་ཤེས། །རྐང་བ་ཡོད་རུང་འགྱོ་མི་ཤེས། །༼སླེ་བོ༽རྟ་མ་སོང་གི་རྨིག་རྗེས་ཁྲ་ཀོར་ཀོར། །༼རྫ་མའི་རྗེས་ཤུལ༽དང་བོ་ཁ་མཚར་ཁ་ཡི་རྒྱན། །བར་དུ་རིག་པ་འཁྲུལ་བའི་གཞི། །མཐའ་མ་ཐུགས་རྗེ་ཆེན་པོའི་གཟུངས། །  ༼ཁེད༽མགོ་ཨ་ར་ར། །སྐེད་པ་ཨ་ཚ་ཚ། །རྔ་མ་ཨ་ཤུ་ཤུ། །༼ཕུར་བ་ལྡེབ་པ། ༽ཨ་ཡེས་པུག་རེས། །ཞི་ལུ་ཉོབ་རེས། །༼མེ་གསོས་པ། ༽

༢༠༡༤.༧.༡༤ ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་པའི་སྟེང་།   ཚོགས་གནས། ཧི་མ་ལའི་རིག་མཛོད་ཚོགས་ཁང་ཆེན་མོ།



སྐབས་ཉེར་གཉིས་པའི་ཧི་མ་ལའི་རང་དབང་གླེང་སྟེགས་ལ་ཞུགས་པའི་ཚོགས་མི།༽

སྐབས་ཉེར་གཉིས་པའི་ཧི་མ་ལའི་རང་དབང་བགྲོ་གླེང་སྐབས་ཀྱི་བསམ་གཞིག་གི་རྣམ་པ།༽
སྐབས་ཉེར་གཉིས་པའི་ཧི་མ་ལའི་རང་དབང་བགྲོ་གླེང་གི་དྲི་བ་དྲིས་ལན་གྱི་རྣམ་པ།༽
སྐབས་ཉེར་གཉིས་པའི་ཧི་མ་ལའི་རང་དབང་བགྲོ་གླེང་གི་འཚོགས་འདུའི་རྣམ་པ།༽

སྐབས་ཉེར་གཅིག་པའི་ཧི་མ་ལའི་རང་དབང་གླེང་སྟེགས་ལ་ཞུགས་པའི་མི་སྣ་སྐོར་ཞིག་གི་གསུང་བཤད་ཀྱི་ནང་དོན་གནད་བསྡུས་སུ་བཀོད་པ།
  

བོད་ཤིང་ཕོ་རྟ་ཡི་ལོའི་ཧི་མ་ལའི་རང་དབང་གླེང་སྟེགས་ཀྱི་གཏམ་བཤད་ཐོག་མའི་གོ་སྐབས་ང་རང་ལ་གནང་བ་བཀའ་དྲིན་ཆེ་ཞུ།   དེ་རིང་ངས་གླེང་འདོད་པའི་སྐད་ཆ་ནི།   བོད་ཡིག་སྦྱངས་པའི་དགེ་མཚན་སྐོར་གླེང་བ་དེ་ཡིན། སྤྱིར་ཡིག་རིགས་གང་ཤེས་ན་ཤེས་བྱ་མི་ཉུང་བ་ཞིག་ལ་བར་ཐག་ཇེ་ཉེར་འགྲོ་བ་སྨོས་མ་དགོས་པ་རེད། ཁྱད་པར་དུ་བོད་ཡིག་ཤེས་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་མང་པོ་ཞིག་ལ་རྒྱུས་ལོན་དང་བཀོལ་སྤྱོད་བྱེད་ཐུབ་པར་མ་ཟད། ཐ་ན་རང་གི་ཁ་ཏོན་འདོན་ཤེས་པ་དང་གཞུང་ལུགས་དང་དངོས་པོ་མི་ཉུང་བ་ཞིག་མི་རྨོངས་པར་རྟོགས་ཐུབ། དེས་ན་བོད་རིགས་ཤིག་ཡིན་ན་རྒན་དར་གཞོན་གསུམ་སུ་ཞིག་ཡིན་ཡང་བོད་ཡིག་སྦྱང་དགོས་པ་ཤིན་ཏུ་གལ་ཆེ། ད་དུང་བོད་ཡིག་དང་འབྲེལ་བའི་ནང་བསྟན་གྱི་རྒྱུན་ཤེས་སྐོར་གླེང་འདོད་ཀྱང་ཆུ་ཚོད་དང་ཁོམ་པ་མེད་པའི་མཇུག་མཐར་དགོངས་དག་ཞུ།

འཇམ་དབྱངས་དོན་གྲུབ།


  


ངས་འདི་ནས་བོ་དོང་གླེང་དོན་ནི། ང་ཚོའི་ལས་གཞི་དང་འབྲེལ་ཡོད་པ་དང་། དེང་སྐབས་མི་སྒེར་བ་ལ་ཞིབ་འཇུག་བྱེད་ཀྱིན་ཡོད་པས། འཛམ་བུ་གླིང་གི་བརྩམས་ཆོས་མང་བར་གྲགས་པའི་བོ་དོང་པཎ་ཆེན་ལ་ཞིབ་འཇུག་བྱེད་པའི་རེ་བསྐུལ་ཞུ་ཆེད་ཡིན། བོ་དོང་འཇིགས་མེད་གྲགས་པ་བྱོན་པའི་དུས་ནི་སྤྱི་ལོ1375-1451གྱི་བར་རེད། ཁོང་གི་མི་ཚེ་གང་གི་མཛད་པ་ནི་འཆད་རྩོད་རྩོམ་གསུམ་ཡིན་ལ། དེའི་གང་ལ་བལྟས་ཀྱང་བློ་ཡུལ་ནས་འདས་པ་ཞིག་རེད། འཆད་པ་ནི། གཞུང་ལུགས་ཁྲིད་ནས་མཁས་པ་སྟོང་ཕྲག་མང་བོ་སྐྱེད་བསྲིངས་བྱས་པ་དང་། མངའ་རིས་དང་མང་ཡུལ་སོགས་ལ་ཕེབས་ནས། དད་ལྡན་མང་བོར་དབང་ལུང་རྗེས་གསུམ་མཐའ་ཡས་པ་བསྩལ་འདུག  རྩོད་པ་ནི།    དགུང་ལོ ༡༦ ནས་དཔལ་ས་སྐྱ་དང་། དཔལ་གསང་ཕུ་ནེའུ་སོགས་སུ་གྲྭ་སྐོར་མཛད་ནས་མི་ཕམ༼ས་སྐྱ་སངས་རྒྱས་དཔལ༽གཡག་དང་།  རོང་སྟོན་ཤེས་བྱ་ཀུན་གཟིགས། མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་ལ་ཆོས་ཀྱི་བགྲོ་གླེང་མཛད་ནས་མཁས་པའི་སྙན་པ་རྒྱས།

རྩོམ་པ་ནི། དཔལ་དེ་ཁོ་ན་ཉིད་འདུས་པ་རྒྱ་མཚོ་ཆེན་པོ་འཇུག་སྒོ་བཞིའི་བདག་ཉིད་ཅན་པོད 138 ཡོད་པ་རེད།

ཟླ་བ་འོད་ཟེར།


སྐབས་ཉི་ཤུ་བའི་ཧི་མ་ལའི་རང་དབང་གླེང་སྟེགས་ལ་ཞུགས་པའི་མི་སྣ་སྐོར་ཞིག་གི་གསུང་བཤད་ཀྱི་ནང་དོན་གནད་བསྡུས་སུ་བཀོད་པ།
  


ནོར་ལུག་གི་འཚོ་རྟེན་བྱེད་བཞིན་ཡོད་པའི་འབྲོག་པ་ཚོར་མཚོན་ན་ཕྱུགས་རིགས་ནི་ཁོ་ཚོར་མེད་དུ་མི་རུང་བའི་འཚོ་རྟེན་ཞིག་ཏུ་ཆགས་ཡོད། ཡིན་ཡང་ཁ་སང་དེ་རིང་སློབ་གསོ་བ་དག་གིས་ཁོ་ཚོར་ཕྱུགས་རིགས་བཤའ་བཙོང་མི་བྱ་བར་ནན་གྱིས་བསྐུལ་མ་བྱས་པའི་འབྲས་བུ་ལ་ཕྱུགས་རིགས་བཤའ་བཙོང་གི་སྐོར་དེ་ལོ་རེར་ཇེ་ཉུང་དུ་འགྲོ་བཞིན་ཡོད། འདི་ལྟར་ཕྱུགས་རིགས་དེ་བཀོལ་སྤྱོད་མེད་པར་མི་མཐུད་དུ་སོང་ན་ཕྱུགས་རིགས་ཀྱི་ཆེད་དུ་དཀའ་ལས་རྒྱག་མཁན་མེད་པས་ཕྱུགས་རིགས་ཀྱང་རྒྱུན་ཆད་པར་ངེས། ཕྱོགས་གཅིག་ནས་བཤད་ན་ང་ཚོ་ནང་བའི་ཆོས་ལུགས་པ་ཞིག་ཡིན་པའི་ངོས་ནས་དགེ་སྒྲུབ་སྡིག་སྤོང་བྱས་ན་ལེགས་མོད། འོན་ཀྱང་། ནོར་གནག་མེད་དུ་སོང་ན་ང་ཚོ་བོད་པ་ཚང་གི་ཐུན་མིན་གྱི་ཁྱད་ཆོས་སམ་ཡང་ན་སྲོལ་རྒྱུན་གྱི་རིག་གནས་སྦྲ་ནག་དེ་ཡང་མེད་དུ་འགྲོ་བ་མ་ཡིན་ནམ། སྦྲ་ནག་བཟོ་བའི་རྒྱུ་ཆ་དེ་ནོར་ལས་བྱུང་གི་ཡོད་པས་ང་ཚོས་ཐུགས་བསམ་རེ་གཏོང་ཨེ་དགོས་སྙམ།

མཛོད་དགེ་ཞེ་ཕྲུག




མི་རིགས་གང་ཞིག་གི་ཁོངས་སུ་གཏོགས་པའི་མི་སུ་ཡིན་ཡང་མི་རིགས་དེའི་ལས་དོན་སྒྲུབ་པ་ནི་མི་རེ་རེ་ལ་བབ་པའི་འགན་འཁྲི་ཞིག་ཡིན། ལྷག་པར་མི་རིགས་ཉམས་རྒུད་ལ་ཐུག་པའི་སྐབས་སུ་དེ་བས་ཀྱང་འགན་ཁུར་འོས་པ་ཞིག་ཡིན། འོན་ཀྱང་གྲྭ་གྲོང་གཉིས་ལས་གྲུབ་པའི་བོད་ཀྱི་སྤྱི་ཚོགས་ལ་མཚོན་ན། གྲྭ་གྲོང་གི་མདུན་ལམ་དང་ཁ་ཕྱོགས་སོགས་མི་འདྲ་བའི་དབང་གིས་སྐབས་འདིར་ཐོབ་ཐང་གི་འགན་འཁྲི་དང་། ཐོབ་ཐང་མ་ཡིན་པའི་འགན་འཁྲི་ཟེར་བ་ཞིག་གླེང་དགོས་འདུག་སྙམ། མདོར་བསྡུས་ཏེ་བཤད་ན། གྲྭ་བ་ཞིག་ལ་མཚོན་ན་སྐད་ཡིག་དར་སྤེལ་དང་། རིག་གནས་སྲུང་སྐྱོབ་སོགས་ནི་སྒྲུབ་འོས་པའི་འགན་འཁྲི་ཡིན་ལ། ཆབ་སྲིད་ཀྱི་ངོས་ནས་འཐབ་འཛིང་སོགས་སྒྲུབ་མི་འོས་པའི་འགན་འཁྲི་ཡིན་པས། མིག་སྔུན་གྱི་གནད་དོན་ལ་གཞིགས་ན། བོད་ཀྱི་ཟིང་འཁྲུག་རིམ་པའི་ནང་དུ་བརྒྱ་ཆ་མང་ཕྱོགས་གྲྭ་བས་ཟིན་ཡོད་པ་རེད། དེ་ནི་ལྷག་བསམ་དང་སྙིང་སྟོབས་ཀྱི་ངོས་ནས་བླ་ན་མེད་པ་ཞིག་ཡིན་མོད། འགན་འཁྲིའི་ངོས་ནས་ནོར་འཁྲུལ་ཡིན་པར་ངོས་འཛིན་བྱས་ཡོད།        

ཨ་རིག་དགེ་འབྱུང་། 



དུས་རབས་བཅུ་དགུ་བ་ནས་བཟུང་འཛམ་གླིང་གི་རྒྱལ་ཁབ་མི་ཉུང་བ་ཞིག་གིས་ཕོ་མོའི་ཁེ་དབང་འདྲ་མཉམ་གྱི་སྟེང་ནས་རང་གི་ལྷན་སྐྱེས་ཀྱི་ཤེས་རབ་སྦྱོང་བརྡར་བྱེད་དུ་བཅུག་སྟེ། མི་སུ་ལ་འཇོན་ནུས་ལྡན་ན་དེ་གོང་བཀུར་བྱེད་པའི་ལམ་སྲོལ་ཞིག་ཆགས་ཟིན། ཡིན་ནའང་ང་ཚོ་བོད་ལ་མཚོན་ན་ཕོ་མཆོག་མོ་དམན་གྱི་ལྟ་བ་ཞིག་གནའ་ནས་ད་ལྟའི་བར་ཏུ་ཨུ་ཚུགས་ཀྱིས་མཁྲེགས་འཛིན་བྱས་ནས་བུད་མེད་ལ་སློབ་སྦྱོང་གི་གོ་སྐབས་མ་སྤྲད་པས་ད་ལྟ་བོད་མོ་མང་ཆེ་བ་ཡིག་རྨོངས་པ་རེད་འདུག དེ་འདྲའི་ཁ་ཕྱོགས་ནི་མི་རིགས་འཕེལ་རྒྱས་ཀྱི་བཀག་རྡོ་ཆེན་པོ་ཞིག་ཡིན་པས་བུད་མེད་ཚོས་ཤེས་རིག་སློབ་སྦྱོང་བྱེད་རྒྱུ་གལ་ཆེ་ཡིན།   ཨ་མའི་སློབ་གསོ་ནི་མིའི་རིགས་ཀྱི་ཆེས་ཐོག་མའི་སློབ་གསོ་ཡིན་ལ། བྱིས་པའི་དག་གཙང་གི་སེམས་པའི་ཤོག་དཀར་ངོས་ལ་བསམ་བློའི་རི་མོ་ཐོག་མར་འབྲི་མཁན་དེ་ཨ་མ་ཡིན། བུད་མེད་ཅིག་ལ་མཚོན་ན་འགན་འཁྲི་ཧ་ཅང་ལྗིད་པོ་ཞིག་ཡོད་པས་ཤེས་རིག་བློ་སྦྱོང་གི་ཁེ་དབང་དེ་ངེས་པར་དུ་བརྩོན་ལེན་བྱེད་དགོས།

རྨ་ཆུ་དབྱངས་ཅན་ལྷ་མོ།




ར་ལོའི་བརྩམས་སྒྲུང་དང་འབྲེལ་ནས་མི་གཤིས་གླེང་བ། སྤྲོ་གར་དང་སྐྱོ་གར་གཉིས་ལྡན་གྱི་ཚུལ་དུ་བྲིས་པའི་བརྩམས་སྒྲུང་འདིའི་རྩོམ་པ་པོ་ནི་ཚེ་རིང་དོན་འགྲུབ་ཡིན་ལ། རྩོམ་པ་པོས་བརྩམས་སྒྲུང་འདིའི་མི་སྣ་གཙོ་བོ་ར་ལོའི་འཚོ་བའི་དམིགས་ཡུལ་མི་གསལ་བ་དང་། མི་ཚེ་ལ་འཚོལ་སྙེགས་མེད་པ། ལེ་ལོ་དང་སྒྱིད་ལུག་ཆེ་བ་སོགས་ཀྱི་སྣང་བརྙན་བརྒྱུད་ནས་བོད་མི་རིགས་ཀྱི་གཤིས་རྒྱུད་ལ་འཕྱ་དམོད་དང་མཚང་འབྱིན་བྱས་འདུག་ཀྱང་། ཞིབ་ཏུ་བསམས་ན་ར་ལོ་ལ་འཚོ་བའི་ཁ་ཕྱོགས་དང་འཚོལ་སྙེགས་མེད་པ་ནི་ཁག་མི་འདུག་སྟེ། ཁོ་ནི་ཆུང་དུས་ནས་ཕ་མའི་གཉོར་སྐྱོང་དང་བྲལ་བའི་དྭ་ཕྲུག་ལྡོམ་པོ་ཞིག་ཡིན་པ་དང་། ཆུང་དུས་ནས་སློབ་གསོའི་ཁོར་ཡུག་མེད་པ་དང་། དེ་དང་འབྲེལ་བའི་གཤིས་ཀ་བཞེངས་སྐྲུན་བྱེད་པའི་གོ་སྐབས་ཀྱང་མ་བྱུང་། བསམ་བློ་མཐོར་འདེགས་ཀྱི་གོམ་ཁ་ལ་འཁྲིད་མཁན་ནི་དེ་བས་ཀྱང་མེད་པར་མ་ཟད། ད་དུང་ཁོ་ལ་འཚོ་བའི་ཁྲོད་ནས་དཀའ་ངལ་ཡང་ཤིན་ཏུ་མང་པོར་འཕྲད་པ་ཡོད་རེད།

མཛོད་དགེ་དཀོན་མཆོག་བསོད་ནམས། 

༢༠༡༤.༢.༡༨ ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་པའི་སྟེང་།   ཚོགས་གནས་ཧི་མ་ལའི་རིག་མཛོད་ཚོགས་ཁང་ཆེན་མོ།


སྐབས་བཅུ་དགུ་བའི་ཧི་མ་ལའི་རང་དབང་གླེང་སྟེགས་ལ་ཞུགས་པའི་མི་སྣ་སྐོར་ཞིག་གི་གསུང་བཤད་ཀྱི་ནང་དོན་གནད་བསྡུས་སུ་བཀོད་པ།


དམངས་གཙོའི་དུས་འགྱུར་གསུམ།

༡ གནའ་བོའི་དམངས་གཙོའི་མགོ་ཁུངས། ༼སྤྱི་ལོའི་སྔོན ༥༠༧ ནས་དུས་རབས ༥ བར། ༽ གྷི་རེ་སིའི་ཨེ་ཐེན་(Athens)གྲོང་ཁྱེར་གྱི་སྲིད་ལུགས་བསམ་བློ་སྨྲ་བ་ཁུ་ལེ་སུ་ཐེན་(Cleisthenes)གྱི་རུས་སྡེ་བཅུ་དང་འབྲེལ་བའི་བསྐྱར་དར་ནས་དབུ་བརྙེས་ཏེ་བྱུང་བའི་ལམ་ལུགས་དང་དེ་ནས་བརྒྱུད་པའི་ཆབ་སྲིད་དེའོ། །

༢ དུས་རབས་བར་མའི་དམངས་གཙོ། ༼དུས་རབས ༥ ནས་དུས་རབས ༡༦ བར།༽ རོ་མ་ནུབ་མའི་གོང་མའི་མངའ་ཐང་མཇུག་རྫོགས་ཏེ་རོམ་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཤིང་། རྒྱལ་ཁབ་སོ་སོ་ནས་ལྷན་ཁང་རྩ་འཛུགས་དང་འོས་འདེམས་ཀྱི་ཁ་ཕྱོགས་ལ་འགྱུར་བའི་སྒྲིག་བཀོད་འདྲ་མིན་སྣ་ཚོགས་བྱུང་བ་སོགས་ལའོ། །

༣ དེང་རབས་དམངས་གཙོ། ༼དུས་རབས ༡༦ ནས་དུས་རབས ༢༡ བར།༽ གསར་བརྗེ་མངོན་འཆར་གྱི་དུས་རབས་ཏེ་སྤྱི་ལོ ༡༧༨༨ ལོར་ཨ་རིའི་རྩ་ཁྲིམས་ཀྱི་གཞི་བཏང་བ་ནས་བཟུང་རྒྱལ་ཁབ་གང་མང་དུ་ཁྲིམས་འཆར་གྲོས་འདོན་དང་རྩ་ཁྲིམས་གཏན་འབེབས་སོགས་བྱུང་ནས་འཐུས་ཚབ་ཅན་གྱི་རང་དབང་དམངས་གཙོ་གསར་སྐྲུན་གྱི་སྤྲོས་མཐའ་ལ་བསླེབས་པ་དེའོ། །          མཛོད་དགེ་པཎ་ཆེན་རྒྱལ།



དེང་སང་བོད་ཀྱི་བསམ་བློ་བ་ཁ་ཤས། རང་གི་སྐད་ཡིག་དང་། ཡུལ་སྲོལ་གོམས་གཤིས། ཆོས་དང་རིག་གཞུང་འདི་རྣམས་རེ་ཞིག་ཉམས་རུང་། དེང་རབས་ཀྱི་སྲིད་འབྱོར་རིག་གསུམ་ ཚད་ངེས་ཅན་ཞིག་ཏུ་བསླེབས་ན། སྐད་ཡིག་སོགས་ནི་བསྐྱར་གསོ་བྱེད་ཆོག་སྙམ་ནས་ཡེ་ཐེས་མི་རིགས་ལ་དཔེ་ལེན་པ་དང་། ཡང་ལ་ལས། མི་རིགས་རང་གི་སྐད་ཡིག་བསྐྱུར་ཏེ་རྒྱའི་སྐད་ཡིག་རྐྱང་བ་བཀོལ་ན་དེ་ཁོ་ནས་ཆོག་སྟེ། དཔེར་ན། ཨ་རི་དང་ཁ་ན་ཌ་སོགས་ལ་དབྱིན་ཡིག་ལས་ལོགས་སུ་མེད་ཀྱང་། དེ་དག་གིས་རྒྱལ་ཁབ་ཅིག་དང་། མི་རིགས་ཤིག་གི་ཚུགས་ཀ་ཉམས་ཀྱི་མེད་པ་ནང་བཞིན་རེད་ཟེར་ཡང་། བསམ་བློ་འདི་རིགས་ནི་ང་ཚོའི་མི་རིགས་ལ་མཚོན་ན་ཧ་ཅང་ཉེན་ཁ་ཆེ་བ་ཞིག་རེད། རྒྱུ་མཚན་ནི། སྲིད་འབྱོར་རིག་གསུམ་དང་མི་འབོལ་གྱི་གྲངས་ཀ་སོགས་ཕྱོགས་གང་ནས་ཀྱང་གནས་བབས་ཧ་ཅང་མི་འདྲ་བ་ཡིན། དེས་ན་མི་རིགས་རང་གི་སྲོལ་རྒྱུན་གྱི་ཁྱད་ཆོས་དག་ཉམས་ཚར་རྗེས་སླར་བསྐྱར་གསོ་བྱེད་ཐུབ་པར་འདོད་པ་ནི་རྨི་ལམ་ཡིན་ནོ། །

ཡུལ་ཤུལ་པདྨ་བློ་གྲོས།



རིག་གནས་ནི་ཚད་ལྡན་གྱི་མི་བུ་བཞིན་གང་དུ་གནས་ཀྱང་ཀུན་གྱིས་བརྩི་བཀུར་དང་གདེང་འཇོག་བྱེད་ཅིང་། ནམ་ཡང་སློབ་སྦྱོང་བྱ་ཡུལ་དང་མིག་དཔེ་བལྟ་ཡུལ་ཁོ་ན་ཡིན། དེ་བཞིན་ཁེར་རྐྱ་ཐུབ་པའི་མི་དང་རིག་གནས་ཀྱིས་འཛམ་གླིང་ཡང་དབང་དུ་བསྡུ་ཐུབ། བོད་ཀྱི་སྤྱི་ཚོགས་ནི་སྤྱིའི་ཆ་ནས་བྱམས་སྙིང་རྗེ་དང་རོགས་རམ་བྱེད་རྒྱུར་དགའ་ཞིང་། ལས་རྒྱུ་འབྲས་འཚོ་མཁན་དང་མངོན་ལྐོག་མེད་པའི་སྤྱི་ཚོགས་ཡ་རབས་ཤིག་ཡིན། འོན་ཀྱང་།  ཕྱོགས་གཞན་ཞིག་ནས་བལྟས་ཚེ། གཞན་གྱིས་གསུངས་པ་ལྟར། གྲྭ་བ་ཆོས་ལ་རྨོངས་པ། ལས་བྱེད་ཁྲིམས་ལ་རྨོངས་པ།  སྤྱི་ཚོགས་ཡི་གེ་ལ་རྨོངས་པ་བཅས་རྨོངས་པ་གསུམ་གྱིས་མནར་བའི་སྤྱི་ཚོགས་ཤིག་ཀྱང་རེད།  

རྨ་ཆུ་ངག་དབང་ལྷ་མོ།



༡  དེ་རིང་ངས་འདི་ནས་རང་དབང་ཞེས་གླེང་དོན་ནི།    རང་དབང་གི་གོ་དོན་ཡག་པོ་ཞིག་མ་རྙེད་ན།     རང་དབང་ཞེས་པའི་མིང་བྱང་འདི་གང་སར་བཀོལ་ཏེ། འགལ་འདུ་སྣ་ཚོགས།  རྩོད་ཉོག་འདྲ་མིན།  མདོར་ན་རང་ཉིད་རྒུད་པའི་མཐར་ལྷུང་བའི་ནག་ཉེས་སྣ་ཚོགས་ཤིག་བཟོས་དང་བཟོ་མུས་སུ་ཡོད་པས་ཡིན།

༢ དེ་རིང་ངས་འདིར་གླེང་བཞིན་པའི་རང་དབང་ནི།ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་ལས་བསྟན་པའི་མི་རྣམས་སྐྱེས་ཙམ་ནས་རང་དབང་ཡིན་ཞེས་པ་དང་། རང་དབང་ནི་འགྲོ་བ་མིའི་ལྷན་སྐྱེས་ཀྱི་ཐོབ་སྐལ་བླ་མེད་ཅིག་འདོད་པ་དེ་ཇི་བཞིན་ཡིན། དེ་འདྲའི་རང་དབང་ནི་བོད་ཀྱི་རང་དབང་རྩོམ་པ་པོ་དྷིཿལྷ་ལྡན་གྱིས། རང་ཉིད་ལ་ལྷན་སྐྱེས་སུ་མངའ་བའི་ལུས་ངག་ཡིད་གསུམ་གྱི་བདག་པོ་རང་ཁོ་ན་ཉིད་ཡིན་པ་དང་།  རང་ཉིད་དུ་གཏོགས་པའི་ལུས་ངག་ཡིད་གསུམ་པོ་གང་ལ་ཡང་གཞན་གྱིས་ཚོད་འཛིན་དང་། དབང་སྒྱུར་མ་ཐེབས་པའི་ཐོབ་ཐང་ཞིག་ལ་གོ་ཞེས་པ་ལྟར་རོ། །
༣ དེ་རིང་གི་ང་ཚོའི་རང་དབང་ནི། གནད་བསྡུས་ན་ང་ཚོ་འཇིག་རྟེན་འདིར་མི་མཚན་ཉིད་ཚང་བ་ཞིག་བྱེད་པའི་རང་དབང་མེད་༼ཀའ༽ཞེས་པ་དེ་ཡིན།

སྡེ་དགེ་པད་མ་རྡོ་རྗེ།

༢༠༡༤.༢.༡༢ ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་པའི་སྟེང་།   ཚོགས་གནས་ཧི་མ་ལའི་རིག་མཛོད་ཚོགས་ཁང་ཆེན་མོ།

 

སྐབས་བཅོ་བརྒྱད་པའི་ཧི་མ་ལའི་རང་དབང་གླེང་སྟེགས་ལ་ཞུགས་པའི་མི་སྣ་སྐོར་ཞིག་གི་གསུང་བཤད་ཀྱི་ནང་དོན་གནད་བསྡུས་སུ་བཀོད་པ།


མི་སུ་ཡིན་ཡང་རང་ཉིད་ཀྱི་ཁེ་ཕན་དོན་དུ་མི་གཉེར་བ་ཞིག་མེད་ལ། གཉེར་ཡང་དགོས་པ་ཞིག་རེད། འོན་ཀྱང་རང་གཞན་གཉིས་ལ་འདང་བརྒྱབས་ཏེ་བྱ་བ་བསྒྲུབས་ན་གཉིས་ཀར་ཕན་ངེས་ཅན་ཞིག་ཡོང་གི་ཡོད་པ་དང་། གལ་ཏེ་རང་གི་ཁེ་ཕན་ལས་གཞན་ལ་འདང་མ་བརྒྱབས་རུང་གནོད་པ་མེད་པར་དྲང་བོའི་ལམ་ནས་ཁེ་ཕན་དེ་བཙལ་ན། རང་ལས་གཞན་ལའང་ཁེ་ཕན་དེ་ཡོད་ཆོག་པ་ཞིག་ཏུ་འགྱུར་ཡོང་།   དེའི་ཕྱིར་དེ་ལ་རང་ཉིད་ཀྱི་ཁེ་ཕན་དང་འབྲེལ་བའི་གཞན་ལ་ཁེ་ཕན་སྟེར་བ་ཞེས་ཟེར། རང་གི་ཁེ་ཕན་གྱི་ཆེད་དུ་གཞན་གྱི་ཚེ་སྲོག་དང་བདེ་ཐང་ལ་འདང་མ་བརྒྱབས་པ། དཔེར་ན་ཉེ་བའི་ལོ་འགའི་སྔོན་དུ་རྒྱ་ནག་ནང་ཁུལ་ལ་འོ་མའི་དོན་རྐྱེན་བྱུང་བ་ལྟ་བུ། མཐར་རང་གཞན་གཉིས་ཀ་བརླགས་པའི་རྒྱུ་རུ་གྱུར་ཡོད། དེས་མཚོན་པའི་དེ་ལྟར་མང་དུ་ཡོད་པར་འདང་རྒྱག་དགོས། དེ་ནི་རང་ཉིད་ཀྱི་ཁེ་ཕན་ཆེད་དུ་རང་གཞན་གཉིས་ཀ་བརླགས་པ་ཞེས་ཟེར་ཆོག  

སྡེ་དགེ་དབང་རྒྱལ།




རྒྱུན་ལྡན་འཚོ་བའི་ཁྲོད་མི་རྣམས་སུན་སྣང་དང་འུ་ཐུག་ཐབས་ཟད་ཀྱི་དོན་དག་དང་། གློ་བུར་དུ་བྱུང་བའི་གནོད་འཚེ་དང་དགའ་འོས་པའི་དོན་དག་སོགས་ལ་འཕྲད་ཚེ། དེ་དང་བསྟུན་ནས་བདེ་ཐང་གི་སེམས་ཁམས་ལ་འཇིགས་སྐུལ་ཐེབས་སྲིད། དཔེར་ན་དགའ་སྤྲོ་ཚད་མེད་སྐྱེས་པ་དང་སེམས་འཚབ་པ། སེམས་ཁུར་ཆེ་དྲགས་པ། འཇིགས་སྐྲག་ཆེ་བ། ཡིད་སྐྱོ་བ། ཁོང་ཁྲོ་ལངས་པ། ཕྲག་དོག་ཆེ་བ་སོགས་ཀྱི་གནས་ཚུལ་འབྱུང་ངོ་། །དེའི་སྐབས་སུ་རང་ཉིད་ཀྱིས་བྱེད་ཐབས་གཞན་པའི་སྒོ་ནས་སེམས་ཁམས་ལ་སྙོམས་སྒྲིག་བྱེད་རྒྱུ་གལ་ཆེ། བཟའ་བཅའ་སྤྱོད་པར་ཁ་དོག་དམར་པོའི་རིགས་ཏེ། ཀུ་ཤུ་སོགས་མང་པོ་ཟ་དགོས་ཤིང་། ཟས་རིགས་དེ་དག་ནི་སེམས་ཁུར་ཆེ་དྲགས་པའི་སེམས་ནད་སེལ་བའི་རང་བྱུང་སྨན་རྫས་སུ་གྱུར་ཡོད། དེ་མིན་ངང་ལག་གིས་ཀྱང་ཡིད་སྐྱོ་བ་དང་བློ་མི་བདེ་བའི་སྣང་ཚུལ་གསོ་བཅོས་བྱེད་ཐུབ།

ཁྱུང་མཆུ་ཆོས་ལྷ།



རྒྱུན་སྐྱོང་ཐུབ་པའི་འཕེལ་རྒྱས་ནི་དུས་རབས་ཉི་ཤུ་བའི་ལོ་རབས༼༦༠༽པའི་ལོ་མཇུག་ནས་གླེང་འགོ་བརྩམས། ༡༩༧༢-༡༩༨༧བར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྡུས་པའི་མིའི་རིགས་ཞིབ་འཇུག་དང་འཛམ་གླིང་གི་ཁོར་ཡུག་དོན་དམ་དང་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས༼ང་ཚོའི་ཐུན་མོང་གི་མ་འོངས་པ༽ཞེས་པའི་སྙན་ཞུའི་ཁྲོད་ཐེངས་དང་པོར་དེའི་འཕེལ་རྒྱས་ཀྱི་གོ་དོན་ལ་བགྲོ་གླེང་དང་ངོས་ཟིན་གནང་། ༡༩༩༥ ལོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཀྲུང་དབྱང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་གཞི་རྩའི་ཐབས་ཇུས་སུ་བཞག་པ་དང་ལག་སྟར་བྱེད་དགོས་པའི་འབོད་སྐུལ་བཏང་། དེ་ནི་འཕེལ་རྒྱས་ཀྱི་ལྟ་བ་གསར་བ་དང་མི་རབས་སྔ་ཕྱིའི་འདོད་བློ་སྐོང་བྱེད་ཀྱི་ཐོན་ཁུངས་སོགས་ལ་གནོད་སྐྱོན་མི་ཆགས་པ་ཞིག་ཏུ་ཟེར་ཞིང་།

རྩ་དོན་གསུམ་ནི།

༡ འདྲ་མཉམ་རང་བཞིན། མི་རབས་དང་མིའི་བར་གྱི་ཐོན་ཁུངས་དང་། བགོ་དང་བཀོལ་སྤྱོད་འདྲ་མཉམ།

༢ རྒྱུན་སྐྱོང་རང་བཞིན། རྒྱུན་རིང་འཕེལ་རྒྱས་དང་ཁེ་ཕན།

༣ ཐུན་མོང་རང་བཞིན། རྒྱལ་ཁབ་སོ་སོའི་བར་འདྲ་མཉམ་དང་རྒྱུན་སྐྱོང་རང་བཞིན་ཆགས་པ།

མཛོད་དགེ་འགྱུར་མེད།


མི་ཚེ་སློབ་གསོ་ལ་ཕྱོགས་ཤིང་། སློབ་གསོ་ཀུན་སྤྱོད་ལ་བབས་པའི་མི་བུ་ཞིག་ལ། རང་ཚུགས་དང་བསམ་བློ་ཡི་སྲོག་ཤིང་ཡོད་ན། གནས་སྐབས་རླུང་རྟ་རྒུད་ཀྱང་། དུས་ཚོད་འགྱུར་ལྡོག་ཆེ་ཡང་། དཔལ་འབྱོར་དང་བསླུ་བྲིད་ཀྱིས་བསྐྲུན་པའི་འཇིག་རྟེན་འདིའི་ཀློང་ན།  ཁྱོད་ནི་ནམ་ཡང་ཁྱོད་དེ།  དམ་བཅའ་དང་ཕྱི་ཐག་གི་ཁ་དོག་མི་འགྱུར་བའི་སྔར་གྱི་ཁྱོད་ཁོ་ན་ཡིན།  དེའི་ཕྱིར།   ཁྱོད་ནི་མིའི་རིགས་ཀྱི་སེམས་ནང་གི་དྲོད་ཁོལ་ཡང་ཡིན།

མི་ཉག་ཐུབ་བསྟན་ཆོས་འཕེལ།


༢༠༡༤.༡.༢༣ ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞི་བའི་སྟེང་། ཚོགས་གནས་ཧི་མ་ལའི་རིག་མཛོད་ཚོགས་ཁང་ཆེན་མོ།


སྐབས་བཅུ་བདུན་པའི་ཧི་མ་ལའི་རང་དབང་གླེང་སྟེགས་ལ་ཞུགས་པའི་མི་སྣ་སྐོར་ཞིག་གི་གསུང་བཤད་ཀྱི་ནང་དོན་གནད་བསྡུས་སུ་བཀོད་པ།

ང་ཚོས་ཁ་ནས་ལབ་རྒྱག་པ་གཙོ་བོར་མི་འཛིན་པར་ལག་ལེན་གྱི་བྱ་བ་ལ་ནན་གྱིས་འཇུས་ཏེ་མཐར་ཐུག་གི་དམིགས་དོན་ལ་འོད་མདངས་རྒྱས་སུ་འཇུག་དགོས། ང་ཚོས་རང་ཉིད་ཀྱི་ཚེ་སྲོག་དང་མི་རིགས་ཀྱི་བདེ་སྡུག་ལ་འགན་འཁུར་ན་མི་ཡ་རབས་ཤིག་བྱེད་དགོས། ད་དུང་ང་ཚོས་གོ་སྐབས་སྣང་མེད་དུ་མི་འཇོག་པར་དམ་འཛིན་དང་གཅེས་སྤྲས་བྱེད་དགོས། རྒྱུ་མཚན་གོ་སྐབས་ནི་ཧ་ཅང་ཉག་ཕྲ་བ་དང་དམ་འཛིན་ཅན་ཁོ་ན་ལ་དབང་བས་སོ། །

རྔ་བ་ཀུན་ཏུ་བཟང་བོ།



ངས་བསམས་ན། བྱིས་པའི་ལྷན་སྐྱེས་ཀྱི་རང་གཤིས་ནི་ནག་ནོག་གི་དྲི་མས་མ་གོས་པའི་ཤོག་བུ་ལྟ་བུ་ཞིག་སྟེ། དེ་ལ་རི་མོ་ཇི་ལྟར་འབྲི་བ་ནི་ཕ་མ་དང་དགེ་རྒན་ལ་རག་ལས་པས། བུ་ཕྲུག་གིས་ནག་ཉེས་ཅི་ཞིག་བཟོས་ཀྱང་དེ་ལ་ཚིག་རྩུབ་དང་ངན་སྨྲས་སོགས་མི་བྱེད་པར། བཟང་ཕྱོགས་ཀྱི་སློབ་གསོ་གཏོང་རྒྱུ་གལ་ཆེན་པོ་རེད། ངག་འཇམ་དང་ཚིག་བཟང་གིས་བྱིས་པའི་སེམས་ཁམས་ལ་ཡང་དག་པའི་བག་ཆགས་བཟང་བོ་འཇོག་ཐུབ་ཅིང་། དམའ་འབེབས་དང་གཅར་རྡུང་གིས་བྱིས་པའི་སེམས་ཁམས་དང་དགའ་ཕྱོགས་ལ་གས་ཆག་གཏོང་ཐུབ། དེའི་ཕྱིར། ཕ་མ་དང་དགེ་རྒན་རྣམས་ཀྱིས་བུ་ཕྲུག་ལ་བཟང་ཕྱོགས་ནས་སློབ་གསོ་གཏོང་རྒྱུ་རྩ་ཆེན་པོ་རེད། སྨོན་པ་བཟང་ངན་གྱི་སྟོབས་ཀྱིས་འབྲས་བུ་བཟང་ངན་ཡང་དེ་ལྟར་འབྱུང་སྟེ། དེང་རབས་ཞིབ་འཇུག་པ་དག་གིས་བཤད་པ་ལྟར། ཤེས་མེད་ཀྱི་བེམ་པོ་ལ་ཡང་ཚིག་བཟང་ངན་གྱིས་རྣམ་པ་བཟང་ངན་གཉིས་སུ་བསྒྱུར་ཐུབ་ན་ཤེས་ལྡན་མི་ལ་དེ་བས་ཀྱང་ལྟ་ཅི་སྨོས།  

འཛམ་ཐང་ཆོས་མཚོ།




དེ་རིང་ངས་གླེང་འདོད་པ་ནི་དགེ་རྒན་ལ་ཚང་དགོས་པའི་མཚན་ཉིད་ཅེས་པ་དེ་ཡིན། དེ་ཡང་ཚད་ལྡན་གྱི་དགེ་རྒན་ཞིག་ཡིན་ན་ཚང་དགོས་པ་ཅི་ཡོད་སྙམ་ན། འཇམ་མགོན་ས་སྐྱ་པཎྚི་ཏས། གཙང་མཁས་གཞན་ལ་ཕན་པར་འདོད། །ཅེས་གསུངས་པ་བཞིན་སྤྱོད་པ་གཙང་ཞིང་བསམ་བློ་རྒྱ་ཆེ་བ། གང་འཁྲིད་པར་བྱ་བའི་རིག་གནས་ཤེས་བྱ་དེ་ལ་བྱང་ཆ་ཡོད་པ།   སློབ་མ་ལ་ཕན་ཨེ་ཐོག་གི་བསམ་པ་གཙང་མ་བཅས་ནི་ངེས་པར་ཚང་དགོས། དེ་ལས་ལྡོག་སྟེ་རང་ཁོ་ནའི་ཁེ་ཕན་ཙམ་ལས་སློབ་མའི་མི་ཚེ་ལ་བསམ་བློ་ཡེ་ནས་མི་གཏོང་བར་ཉི་མ་འགྲོ་ཐབས་དང་ཐང་མ་སྐམ་ཐབས་ཙམ་བྱས་ན་གཏན་ནས་མི་འགྲིག སྤྱིར་བཏང་སློབ་མ་ལ་སྦྱང་འབྲས་བཟང་ངན་གཉིས་སུ་ཡོད་ཀྱང། དེ་གཉིས་ཀ་ཐབས་དང་བཀོད་པ་བཟང་བོས་མཉམ་དུ་སྐྱོང་བ་ལས་སློབ་མའི་བར་ལ་ཕྱོགས་རིས་ཀྱི་ལྟ་ཚུལ་བཟུང་ན་དགེ་སློབ་ཀྱི་མཛའ་བརྩེ་ལ་གནོད་ཅིང་སྦྱང་འབྲས་ངན་པའི་སློབ་མ་ལ་ཡར་སྐྱེད་ཐོན་དཀའ་བས།  ཀུན་ལ་ཉེ་རིང་དང་ཕྱོགས་རིས་མེད་པར་འདྲ་མཉམ་གྱི་ལྟ་བ་ཞིག་འཛིན་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།

འཛམ་ཐང་ཕྱུག་འཛོམས།



སྤྱིར་བཏང་བོད་ཀྱི་བུད་མེད་ཚོ་མི་རིགས་གཞན་གྱི་བུད་མེད་དང་བསྡུར་ན་སྙིང་སྟོབས་དང་སྤོབས་པ་ཅུང་ཟད་ཞན་ཡང་།  སྤྱོད་པ་གཙང་ལ་ཁྲེལ་གཞུང་ཡོད་པ། གུས་ལུགས་ལྡན་ཞིང་ཕ་མ་ལ་བྱམས་སེམས་ཆེ་བ་སོགས་ཡ་རབས་སྤྱོད་བཟང་གི་ཐད་ནས་མི་རིགས་གཞན་གྱི་བུད་མེད་ལས་ལྷག་པ་ཡིན།  འདི་ཡང་ཕ་མེས་ཡང་མེས་ནས་བརྒྱུད་པའི་ཡ་རབས་ཀྱི་སྲོལ་རྒྱུན་དང་ནང་བསྟན་རིག་གཞུང་གི་སློབ་གསོའི་སྐུ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་སྟེ། གོམས་གཤིས་བཟང་བོ་འདི་དག་ནི་གསེར་སྲང་སྟོང་གི་རིན་ཐང་ལས་ལྷག་པས། མི་རིགས་འདི་ཇི་སྲིད་གནས་པ་དེ་སྲིད་དུ་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་རྒྱུ་ཤིན་ཏུ་གལ་ཆེ།  

མགོ་ལོག་ཨ་མཚོ།

༢༠༡༤.༡.༤ ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་པའི་སྟེང་།   ཚོགས་གནས་ཧི་མ་ལའི་རིག་མཛོད་ཚོགས་ཁང་ཆེན་མོ།

སྐབས་བཅུ་དྲུག་པའི་ཧི་མ་ལའི་རང་དབང་གླེང་སྟེགས་ལ་ཞུགས་པའི་མི་སྣ་སྐོར་ཞིག་གི་གསུང་བཤད་ཀྱི་ནང་དོན་གནད་བསྡུས་སུ་བཀོད་པ།


དུས་རབས་གསར་བའི་སྲིད་འབྱོར་རིག་གསུམ་གྱི་ཚ་རླབས་དགུང་དུ་འཕྱུར་བའི་མཁའ་དབུགས་འདིའི་ཁྲོད་ན།  སློབ་ཆེན་གྱི་ཐོབ་ཐང་ཙམ་མ་ཟད། ཞིབ་འཇུག་དང་འབུམ་རམས་ཀྱི་ཐོབ་ཐང་ཡོད་ནའང་གཞུང་ཞབས་ཀྱི་ལས་གནས་རྙེད་དཀའ་བར་གྱུར་ཡོད།   གནས་བབས་འདིའི་འོག་གི་རང་རེ་བོད་ཀྱི་སློབ་ཆེན་པ་ཚོ། སློབ་མཐར་ཕྱིན་རྗེས་ཡི་ཆད་བློ་ཕམ་གྱིས་རང་ཡུལ་དུ་ཕྱིན་ནས་ཉི་མ་གཏོང་ཐབས་མི་བྱེད་པར།  མི་སྒེར་གྱི་ཁེ་ལས་དང་། ཆེད་ལས། ཚོང་ལས་དེང་རབས་ཅན་སོགས་ཀྱི་ལམ་ག་གསར་བར་ཞུགས་ཏེ།  རང་ཉིད་ཀྱི་ནུས་པ་དང་འཇོན་ཐང་སྔོག་འདོན་བྱས་ན་འགྲིག  ཁྱིམ་བདག་ཕ་མ་རྣམས་ལ་མཚོན་ནའང་། བུ་ཕྲུག་སློབ་ཆེན་མཐར་ཕྱིན་རྗེས་གཞུང་ཞབས་ཀྱི་ལས་གནས་ཤིག་མ་རྙེད་ན།  དེ་ལ་མི་གོ་མ་ཆོད་པའི་ལྟ་ཚུལ་བཟུང་སྟེ། ཟུར་ཟ་དང་ཡི་ཆད་པའི་གཏམ་གྱིས་བུ་ཕྲུག་གི་སྙིང་ལ་སྡུག་བསྔལ་གཏོད་པ་ཡོད་ཀྱང་དེའང་ནོར་འཁྲུལ་ཚབ་ཆེན་ཡིན། དེའི་ཕྱིར། ཕ་མ་བུ་ཕྲུག་གི་བར་ལ་ཕན་ཚུན་ཡིད་ཆེས་དང་རྒྱབ་སྐྱོར་གྱིས་བུ་ཕྲུག་དུས་རབས་གསར་བའི་ལས་གནས་གསར་བ་ཞིག་ལ་སྐུལ་འདེད་གནང་རྒྱུ་ཤིན་ཏུ་གལ་ཆེའོ། །

ཁྱུང་མཆུ་མགོན་པོ་འཚོ།




དེ་རིང་བོད་མི་རིགས་ཀྱི་གནས་སྟངས་ཐད་ལ་སྐད་ཆ་ཁ་ཤས་ལབ་ན་འདོད་བྱུང་།  དེ་ནི་ངེད་ཅག་གི་མི་རིགས་འདིའི་སྐད་ཡིག་རིག་གནས་འགྱུར་ཚུལ་དང་། མི་གཤིས་འགྱུར་ཚུལ་ཏེ་གཉིས་སོ། །དང་བོ། སྐད་ཡིག་རིག་གནས་འགྱུར་བ་ལ་ཕྱི་ནང་གི་རྐྱེན་མང་བོ་ཞིག་འཕྲད་ཀྱིན་འདུག ཡིན་ཡང་ངེད་ཅག་གིས་བློ་སེམས་ཆིག་སྒྲིལ་བྱས་ཏེ་རང་གི་སྐད་ཡིག་རིག་གནས་ལ་ཤ་ཚ་བ་དང་སྙིང་ཉེ་བའི་ཐོག་ནས་སྲུང་སྐྱོབ་དང་དར་སྤེལ་གཏོང་རྒྱུ་དེ་གལ་ཆེན་བོ་རེད། གཉིས་པ། དེང་གི་སྤྱི་ཚོགས་འདི་ནི།  གནས་ལུགས་མེད་པ་དང་། རྫུན་མའི་འཇིག་རྟེན་ཞིག་ཏུ་ཆགས་ཀྱིན་འདུག ལྷག་པར་ང་ཚོ་ལ་ཚུར་འགོ་བཞིན་པའི་མི་རིགས་གཞན་གྱི་སྙིགས་མའི་གཤིས་ཀ་དེ་ནི་འཇིགས་སུ་རུང་བའི་ནད་དུག་ལྟ་བུར་ཆགས་ཡོད། དེ་ལ་འགོག་རྒོལ་བཏང་ནས་རང་མི་རིགས་ཀྱི་གདོད་མའི་མི་གཤིས་བཟང་བོ་རྒྱུད་འཛིན་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་སྙམ།

ཡིད་ལྷུང་ཐུབ་བསྟན་གཞོན་ནུ།




མཐུན་སྒྲིལ་ནི་རྩ་དོན་གསུམ་གྱི་གཞི་རྩ་ཡིན། དུས་རབས་ཉེར་གཅིག་པ་འདིའི་ནང་དུ་མི་དང་སྐྱེ་འགྲོ་སུ་ལའང་ཞི་བདེ་དང་། འདྲ་མཉམ། བྱམས་བརྩེ་གསུམ་པོ་ངེས་པར་དུ་ཡོད་དགོས། རྩ་དོན་དེ་གསུམ་པོ་ཡང་མཐུན་སྒྲིལ་ཁོ་ན་ལ་རག་ལས་པས། འཛམ་གླིང་སྤྱི་དང་། ཁྱད་པར་བོད་གངས་ཅན་གྱི་ལྗོངས་སུ་རྩ་དོན་དེ་གསུམ་དགོས་ན། གྲུབ་མཐའི་ཕྱོགས་ཞེན་དང་ཆོལ་ཁའི་འཐེན་ཁྱེར། མཐོ་བ་ལ་ཟུར་ཟ་དང་དམའ་བ་ལ་སྡང་མིག་སོགས་མི་བྱ་བར། སོ་སོས་རྡོག་རྩ་གཅིག་སྒྲིལ་དང་ནུས་པ་ཅི་ལྕོགས་ཀྱིས་མདུན་ལམ་ཡངས་པོར་གོམ་ཁ་ཕྱོགས་རྒྱུ་དེ་གལ་ཆེན་པོ་རེད།

གཡུ་ལུང་ཨོ་རྒྱན་ཕུན་ཚོགས།



ཐོག་མར་ཧི་མ་ལའི་རིག་མཛོད་ཁང་གི་སྒོ་བྱང་འདིས་ང་ལ་ལས་གཞི་འདི་རང་ལ་འོས་འཚམ་མ་ཡིན་པའི་ཚོར་སྣང་ཞིག་སྟེར་བྱུང་། འོན་ཀྱང་དབུ་ཁྲིད་རྣམས་ཀྱིས་ལས་ཁུངས་ངོ་སྤྲོད་དང་ལས་གཞིའི་བརྒྱུད་རིམ་ཁྲོད་ནས་ད་གཟོད་ང་ཚོའི་ལས་ཁུངས་འདི་ནི་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུ་དཔེ་རྙིང་དཀོན་པོ་རྣམས་བསྡུ་སྒྲིག་བྱས་ཏེ་འཕྲུལ་དེབ་དང་དཔེ་དེབ་ཀྱི་རྣམ་པས་བོད་ཀྱི་རིག་གནས་འཛམ་གླིང་ཅན་དུ་བསྒྱུར་འདོད་པའི་ཚད་ཡོད་སྤྱི་གཉེར་ཁང་ཞིག་ཡིན་པར་གཞི་ནས་རྟོགས་སོང་། དེ་ལས་རང་ལ་དགའ་སྤྲོ་ཆེན་པོ་ཞིག་སྐྱེས་བྱུང་ལ། དེ་ཡང་ང་གཅིག་པུ་ཙམ་མ་ཡིན་པར་བོད་ཀྱི་རྣམ་ཤེས་ཅན་གྱི་མི་བུ་ཞིག་ཡིན་ཕྱིན་ངོ་མ་དགའ་འོས་པའི་རླབས་ཆེན་གྱི་བྱ་བ་ཞིག་རེད་ཨང་།

ཐང་སྐོར་ཡར་འཕེལ།


༢༠༡༣.༡༢.༢༡ ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་པའི་སྟེང་།   ཚོགས་གནས་ཧི་མ་ལའི་རིག་མཛོད་ཚོགས་ཁང་ཆེན་མོ།


སྐབས་བཅུ་གཅིག་པའི་ཧི་མ་ལའི་རང་དབང་གླེང་སྟེགས་ལ་ཞུགས་པའི་མི་སྣ་སྐོར་ཞིག་གི་གསུང་བཤད་ཀྱི་ནང་དོན་གནད་བསྡུས་སུ་བཀོད་པ།

རང་གི་མི་རིགས་ཀྱི་ངོ་མཚར་བའི་སྲོལ་རྒྱུན་རིག་གནས་མཐར་ཕྱིན་པ་དང་གཏིང་ཟབ་པ་ནི་ཅི་ཡང་མི་ཤེས། མི་རིགས་གཞན་པའི་རིག་གནས་ཀྱི་ཕྱི་ཤུན་ཙམ་ལས་མ་མཐོང་བའི་ང་ཚོ་བོད་པ་ཚང་གི་ན་གཞོན་མང་བོ་ཞིག མི་ལོ་དུ་མར་སློབ་གྲྭར་ཕྱིན་ནས་སླར་སྤྱི་ཚོགས་སུ་ཞུགས་རྗེས། རང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་། ཆོས་ལུགས་དད་མོས། ཡ་རབས་གུས་བཀུར་སོགས་ཡོད་ཚད་གཞི་ནས་རྗེས་ལུས་ཡིན་པའི་སྣང་བ་ཞིག་དང་། ནུབ་ཕྱོགས་པ་སོགས་མི་རིགས་གཞན་གྱི་ཡོད་ཚད་ཡང་དག་ཅིག་ཏུ་བལྟས་ནས་རང་གི་ཕ་མ་དང་དགེ་རྒན་ལ་གུས་བཀུར་མི་བྱེད་པ་དང་། རང་མི་རིགས་ཀྱི་ཆ་ལུགས་དང་། གོམས་གཤིས། བསམ་བློ་སོགས་གཞན་དུ་སྒྱུར་བ་ནི། ཅོལ་ཆུང་རང་ཚུགས་མི་ཐུབ་པའི་ངན་རྟགས་ཕྱིར་མངོན་པ་ཡིན་པས་མཐའ་གཅིག་ཏུ་བསྒྱུར་བཅོས་གཏོང་དགོས།

བྲག་འགོ་ཆོས་ཉིད་རྒྱ་མཚོ་ནས།



སློབ་གསོ་ཐོབ་པའི་མི་ཞིག་ཡིན་ན། ཁོར་ཡུག་དང་གྲོགས་ཀྱིས་བསྒྱུར་དཀའ་བའི་རང་ཚུགས་ཤིག་དང་། གཞན་ལ་བསམ་པ་དཀར་ཞིང་རང་གི་གཤིས་རྒྱུད་དྲང་པོ་བྱེད་པ་སོགས་ནི་ཤིན་ཏུ་གལ་ཆེ་བར་འདུག

དཀར་མཛེས་པདྨ་ཀུན་གྲོལ།




ང་ཚོ་བོད་མི་རིགས་ཀྱི་གཙོ་བོ་ལྷ་ཆོས་རང་ལུགས་ཀྱི་སློབ་གསོ་གཙིགས་སུ་འཛིན་པ་ལས། མི་ཆོས་རང་ལུགས་ཀྱི་སློབ་གསོ་ལ་དེ་འདྲའི་གཙིགས་འཛིན་བྱེད་སྲོལ་མེད།  ཡིན་ནའང་། ང་ཚོ་མིའི་ཁོར་ཡུག་ནས་འཚོ་དགོས་པས་མི་ཆོས་ཀྱི་སློབ་གསོ་ལའང་ངེས་པར་གཙིགས་འཛིན་བྱེད་དགོས།  ལྷག་པར་དུས་རབས་དང་མཐུན་པའི་མི་ཆོས་ལ་སློབ་སྦྱོང་བྱས་ཏེ། རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་། དུས་རབས་དང་མཐུན་པའི་རང་གི་འགྲོ་ལུགས་འདུག་སྟངས་སོགས་ཤེས་པར་བྱེད་དགོས།

སྡེ་དགེ་ཚེ་རིང་ཡེ་ཤེས།

༢༠༡༣.༡༠.༡༢ ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་པའི་སྟེང་།   ཚོགས་གནས་ཧི་མ་ལའི་རིག་མཛོད་ཚོགས་ཁང་ཆེན་མོ། 


སྐབས་བཅུ་བའི་ཧི་མ་ལའི་རང་དབང་གླེང་སྟེགས་ལ་ཞུགས་པའི་མི་སྣ་སྐོར་ཞིག་གི་གསུང་བཤད་ཀྱི་ནང་དོན་གནད་བསྡུས་སུ་བཀོད་པ།

དགོན་སྡེའི་ཁྲོད་ཀྱི་ནང་ཆོས་ཀྱི་སློབ་གསོ་དེ་ནི། མིའི་བསམ་བློ་དང་ཀུན་སྤྱོད་ལེགས་པའི་ལམ་དུ་སྒྱུར་བ་ལ་སློབ་གསོ་གཞན་ལས་ནུས་པ་ཆེ་བས་འདི་ལ་སློབ་སྦྱོང་བྱ་རྒྱུ་ཤིན་ཏུ་གལ་ཆེ་བར་མ་ཟད། ང་ཚོ་བོད་ཀྱི་མེས་པོ་གོང་མ་ཚོའི་རིང་གི་སྲོལ་རྒྱུན་བཟང་བོ་སྟེ། ཆེ་བཀུར་ཆུང་བྱམས་བྱེད་པ་དང་། གཞན་ལ་མགོ་གཡོག་མགོ་སྐོར་མི་བྱེད་པ། རྐུ་འཕྲོག་རྡུང་གསུམ་སོགས་ཀྱིས་གནོད་འཚེ་མི་བྱེད་པའི་ཡ་རབས་སྤྱོད་བཟང་གི་སྲོལ་རྒྱུན་དེ་དག་རྒྱུན་འཛིན་བྱེད་རྒྱུ་དེའང་ཤིན་ཏུ་གལ་ཆེ།

མཚོ་ནུབ་རྒྱ་མཚོ་སྐྱིད།



སློབ་གསོ་ཐོབ་པའི་མི་ཞིག་ཡིན་ན། འདྲ་མཉམ་དང་དྲང་བདེན་གྱིས་གཞི་རྩ་བྱས་ཏེ། རང་གིས་བཤད་པའི་སྐད་ཆ་ལ་རང་གིས་འགན་ཁུར་ཐུབ་པ་ཞིག་བྱེད་དགོས་པར་མ་ཟད། བསམ་བློ་གུ་ཡངས་ཤིང་རང་ལྟ་མཁྲེགས་འཛིན་མེད་པ་ཞིག་ཀྱང་དགོས།

རྨེ་བ་མགོན་པོ་མཚོ།


༢༠༡༣.༩.༢༨ ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་པའི་སྟེང་།   ཚོགས་གནས་ཧི་མ་ལའི་རིག་མཛོད་ཚོགས་ཁང་ཆེན་མོ།