ཨ་མོས་གླ་མཁར།

རྩོམ་པ་པོ།   དུས་ཚོད།   2022-05-13   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

       

         ཨ་མོས་གླ་མཁར་ནི་ཧུང་ཡོན་རྫོང་ཨ་མོས་ཡུལ་ཚོའི་ལྷོ་ཕྱོགས་ཀྱི་སྤྱི་ལེ18ཙམ་གྱི་མཚམས་སུ་ཡོད་ལ། འདིའི་ཤར་དུ་བྱ་ལུང་བ་དང་། ལྷོ་རུ་མཁའ་གསེང་ནོར་བུའི་བང་མཛོད། ནུབ་ཏུ་གླ་མཁར་སུམ་སྣ། བྱང་དུ་དབལ་ཤུལ་དཔོན་ལུང་བཅས་ཡོད་པ་རེད།  དེ་བྱང་གི་འཕྲེད་ཐིག32.7081དང་།  ཤར་གྱི་གཞུང་ཐིག102.7147གྱི་མཚམས་སུ་ཡོད་ལ།མཚོ་ངོས་མཐོ་ཚད་སྨི3580ཡིན།  གླ་མཁར་ནི་ཨ་མོས་ཆུ་དང་ཚལ་ཁྲའི་ཆུ་གཉིས་ཀྱི་འདྲེས་མདོ་ཡི་ལྕང་ཚལ་རྫུབ་མོ་དེ་རུ་གླ་མང་དུ་ཡོད་པས་གླ་མཁར་ཞེས་ཐོགས་པ་ཡིན་ཟེར་ལ། དམངས་ཁྲོད་དུ་ཨ་མོས་གླ་མཁར་གླ་ཡི་མཛོད། བོས་ཁྱ་རིང་གཅིག་གིས་བཟའ་དགུ་སོས། ཞེས་མིང་གྲགས་ཀྱང་ཆེ་བ་རེད། དེ་རུ་སྔོན་ཆད་གསལ་སྟོང་བླ་མ་ཞེས་པ་རི་ཁྲོད་དུ་བཞུགས་ནས་མཆོད་རྟེན་གཅིག་དང་། མ་ཎི་གཙོ་བྱས་པའི་རྡོ་བརྐོས་མང་དུ་ཡོད་པས་གསལ་སྟོང་རི་ཁྲོད་ཀྱང་ཟེར།
         འདིའི་ངག་རྒྱུན་གྱི་སྐོར་ལ་འདི་དག་ཡོད་དེ།  ༡ ངག་རྒྱུན་ལ་བཙན་མ་མོ་གཉིས་ཀ་མངོན་རྒྱུག་བྱེད་སའི་ས་བརྩན་ས་ཞིག་ཡིན་ཟེར་སྲོལ་ཡོད། ༢ ངག་རྒྱུན་ལ་ཨ་མོས་གླ་མཁར་དེ་གླང་ཆེན་ཆུ་འཐུང་གི་ས་ཡིན་ཟེར་སྲོལ་ཡང་ཡོད།
        འདིར་སྔོན་ཆད་གླ་བ་ཧ་ཅང་མང་ལ།མིང་ཡང་དེ་ལྟར་ཐོགས་པར་འདུག་ལ།  དུས་དུས་ཀྱང་གླ་བ་ཉུང་ཙམ་མཐོང་རྒྱུ་འདུག་ལ།  དེ་མིན་སྲོག་ཆགས་ཀྱི་སྐོར་ལ་ཤ་ཡུ་མོ་དང་།  ཤ་བ། ཁ་ཤ འཕར་བ། གཡུ་དཀར། གསའ། དོམ་ནག སྤྱང་ཀི གཟིག ཝ། ཏེའུ་ལོ། བྱི་བ། རི་བོང་། ཨ་བྲ། དགོ་བ། བྱི་ལོང་། སྤྲེའུ་སོགས་ཡོད་ལ།རྩི་སྨན་སོགས་ཀྱི་སྐོར་ལ་ཡང་དབྱར་རྩྭ་དགུན་འབུ་དང་།  ཨ་བྷི་ཁ།སྤང་སྤོས།སྲོ་ལོ་དམར་པོ།ཨུཏྤལ་སོགས་ཀྱི་རྩྭ་སྣ་ཤིན་ཏུ་མང་ངོ་།།

རྩོམ་སྒྲིག་པ།  ཚེ་པེ།