འབྲུ་སྒ་བདེ་ཆོས་སྐྱོང་བེར་ནག་གི་མཁར་ཤུལ་འགའ།

ཡུལ་ཤུལ་རྫོང་གི་སྲིད་གཞུང་ཆགས་གནས་ཏེ། སྒ་སྐྱེ་རྒུ་མདོའི་ཉེ་འཁོར་གྱི་ཡུལ་ལུང་འདི་ནི་གླིང་གེ་འབྲུག་གི་དུས་སུ་གླིང་གི་ཁྲ་གླག་སྤྱང་གསུམ་གྱི་ཡ་གྱལ་འབྲུ་སྒ་བདེ་ཆོས་སྐྱོང་བེར་ནག་གི་ཡུལ་སྡེ་ཡིན་པ་དང་། གནས་འདིར་སྒ་བདེ་དཔོན་གྱི་མཁར་ཤུལ་དང་རྫོང་ཤུལ་མང་པོ་ཡོད་ཅིང་འབྲེལ་ཡོད་ཀྱི་ངག་རྒྱུན་མང་པོ་ས་ཁྱབ་རྡོ་ཁྱབ་ཏུ་ཡོད། ཡུལ་ཤུལ་གྲོང་ཁྱེར་གྱི་སྲིད་གཞུང་ཆགས་གནས་ཀྱི་བྱང་ངོས་ཀྱི་རི་སྣའི་ཐོག་ཏུ་སྐྱེ་རྒུ་དགོན་ཞེས་པའི་ས་ལུགས་འཛིན་པའི་དགོན་པ་ཞིག་ཡོད་པ་དེར། སྔར་གྲའུ་ཕོ་བྲང་དམར་པོ་ཟེར་བའི་མཁར་ཆེན་རྔམ་བརྗིད་ཅན་ཞིག་ཡོད་པ་དེ། གླིང་གེ་འབྲུག་དུས་སུ་འབྲུ་སྒ་བདེ་ཆོས་སྐྱོང་བེར་ནག་གི་མཁར་རྫོང་ཡིན་པར་གྲགས། དེ་ནི་ཡུལ་ཤུལ་གྲོང་ཁྱེར་མི་དམངས་སྲིད་གཞུང་ནས་བྱང་ཕྱོགས་སུ་བར་ཐག་སྤྱི་ལེ་༢དང་ལམ་ཐག་སྤྱི་ལེ་༣ཡི་མཚམས་སུ་ས་གོ་ལའི་ཤར་གྱི་གཞུང་ཚད1701′02″དང་། བྱང་གི་འཕྲེད་ཚད3300′30″ཐོག་ཏུ་ཡོད་ཅིང་ས་མགོ་མཐོ་ཚད་ལ་སྨི3799ཡོད་པ་དང་། མཁར་དམར་དེ་རིག་གསར་སྐབས་གཏོར་བརླག་ཐེབས་པའི་གྱང་ཤུལ་དེ་དངོས་སུ་ལྷག་ཡོད་མོད། འོན་ཀྱང་ལོ་ཁ་ཤས་ཀྱི་སྔོན་དུ་འདུ་ཁང་གསར་བཞེངས་སྐབས་སུ་གྱང་རལ་དེའང་མིང་གི་ལྷག་མ་ཙམ་དུ་གྱུར་སོང་།

 

ཡུལ་ཤུལ་གྲོང་ཁྱེར་སྲིད་གཞུང་གི་བྱང་ཕྱོགས་ཡུལ་ཤུལ་གྲོང་ཁྱེར་འབྲོང་མདའ་ཡུལ་ཚོ་ཞེ་ཀེ་གྲོང་ཚོ་ཕྱི་ཀ་རུ་བར། མཁར་རལ་ཞེས་པའི་མཁར་ཤུལ་ཞིག་ཡོད་པ་དེ་འབྲུ་སྒ་སྡེ་དཔོན་གྱི་མཁར་ཤུལ་ཡིན་ཟེར་ཞིང་། དེ་ནི་ཡུལ་ཤུལ་གྲོང་ཁྱེར་སྲིད་གཞུང་དང་བར་ཐག་སྤྱི་ལེ39དང་ལམ་ཐག་སྤྱི་ལེ119ཡི་མཚམས་སུ་ས་གོ་ལའི་ཤར་གྱི་གཞུང་ཚད1749′26″དང་། བྱང་གི་འཕྲེད་ཚད3318′51″ཐོག་ཏུ་ཡོད་ཅིང་ས་མགོ་མཐོ་ཚད་ལ་སྨི3675ཡོད།

 

ཡུལ་ཤུལ་གྲོང་ཁྱེར་སྲིད་གཞུང་གི་བྱང་ཕྱོགས་ཡུལ་ཤུལ་གྲོང་ཁྱེར་འབྲོང་མདའ་ཡུལ་ཚོའི་དེ་མདའ་གྲོང་ཚོ་དེ་མདའ་རུ་བར་མཁར་ཤུལ་ཞིག་ཡོད་པ་དེ། འབྲུ་སྒ་བདེ་དཔོན་གྱི་སྔགས་ཁང་གི་ཤུལ་ཡིན་ཟེར་ཞིང་། གྱང་རལ་གྱི་ངོས་སུ་སྒེའུ་ཁུང་ལྷག་ཡོད་པ་དེའི་དབྱིབས་ཀྱང་ཟུར་གསུམ་ཡིན་པས་སྔགས་པའི་མཚམས་ཁང་ཞིག་ཡིན་པ་ཕར་བལྟས་ཚོད་ཀྱིས་ཤེས་ཐུབ་པ་དང་། དེ་ནི་ཡུལ་ཤུལ་གྲོང་ཁྱེར་སྲིད་གཞུང་གི་བྱང་ཕྱོགས་སུ་བར་ཐག་སྤྱི་ལེ་༢༠དང་ལམ་ཐག་སྤྱི་ལེ56ཡི་མཚམས་སུ་ས་གོ་ལའི་ཤར་གྱི་གཞུང་ཚད1702′22″དང་། བྱང་གི་འཕྲེད་ཚད3310′36″ཐོག་ཏུ་ཡོད་ཅིང་ས་མགོ་མཐོ་ཚད་ལ་སྨི3728ཡོད། མཁར་ཤུལ་དེ་དག་ནས་སྒ་བདེའི་ཡིན་ཟེར་བའི་མདའ་དང་མདའ་སྣེ། ཕུར་པ་སོགས་ཐོན་རྒྱུ་ཡོད་ཅིང་། ཡུལ་ལུང་གི་དུད་ཚང་ལ་ལར་ཉར་ཡོད་ཟེར།