[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།
  • ཞི་ཅིན་ཕིང་དང་ཨ་ཟེར་བྷེ་ཇན་གྱི་ཙུང་ཐུང་ཨ་ལི་ཡེ་ཕུའུ་ཡིས་ཀྲུང་གོ་དང་ཨ་ཟེར་བྷེ་ཇན་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་30འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་བ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2022-04-04

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་2ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨ་ཟེར་བྷེ་ཇན་གྱི་ཙུང་ཐུང་ཨ་ལི་ཡེ་ཕུའུ་ཡིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་30འཁོར་བར་རྟེན་འབྲེལ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་ཟེར་བྷེ་ཇན་ནི་སྲོལ་རྒྱུན་མཛའ་གྲོགས་ཀྱི་མཉམ་ལས་རོགས་ཟླ་ཞིག་རེད། ཕྱི་འབྲེལ་བཙུགས་ནས་ལོ་ངོ་30རིང་། ཀྲུང་གོ་དང་ཨ་ཟེར་བྷེ་ཇན་གྱི་འབྲེལ་བ་སྐྱོན་བྲལ་དང་། བརྟན་པོ། འཕེལ་རྒྱས་བཅས་ཀྱི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། ཕྱོགས་གཉིས་པོའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟབ་ཏུ་ཕྱིན་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་ཐེབས་པ་མ་ཟད། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་མཉམ་ལས་ཉིན་བཞིན་ཟབ་ཏུ་ཕྱིན་ཡོད། ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས། ཀྲུང་གོ་དང་ཨ་ཟེར་བྷེ་ཇན་གྱིས་ཕན་ཚུན་ལྟ་སྐྱོང་དང་ཕྱར་བ་གྲུ་འདེགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་སྲོལ་རྒྱུན་མཛའ་གྲོགས་མངོན་པར་བྱས་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ངས་ཀྲུང་གོ་དང་ཨ་ཟེར་བྷེ་ཇན་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཙུང་ཐུང་ཨ་ལི་ཡེ་ཕུའུ་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་30འཁོར་བ་གོ་སྐབས་སུ་བྱས་ཏེ། ཀྲུང་གོ་དང་ཨ་ཟེར་བྷེ་ཇན་གྱི་འབྲེལ་བ་དང་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་པར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད།

    ཨ་ལི་ཡེ་ཕུའུ་ཡིས་ཨ་ཟེར་བྷེ་ཇན་དང་ཀྲུང་གོའི་འབྲེལ་བ་ནི་ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞིའི་ཐོག་མུ་མཐུད་འཕེལ་རྒྱས་ཕྱིན་པ་དང་། ཕྱོགས་གཉིས་པོས་ཆབ་སྲིད་དང་དཔལ་འབྱོར་ཚོང་དོན་སོགས་ཁྱབ་ཁོངས་སུ་ཆུ་ཚད་མཐོ་བའི་གཉིས་ཁེ་མཉམ་ལས་ཀྱི་ལས་དོན་སྤེལ་ཡོད་ལ། ཕྱོགས་མང་ཁྱབ་ཁོངས་མཉམ་ལས་ལའང་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཨ་ཟེར་བྷེ་ཇན་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་རྒྱབ་སྐྱོར་བྱེད་ཀྱི་ཡིན་ལ། ཨ་ཟེར་བྷེ་ཇན་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པའི་ཡིད་ཆེས་ཀྱང་ཡོད་ཅེས་གསུངས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།