མཚོ་སྔོན་ཞིང་ཆེན་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་ཀུན་ཕན་རྒན་གསོ་ཞབས་ཞུའི་ཁྱབ་རྒྱ་ཆེ་རུ་བཏང་།
2022.03.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ལོ་ལྔའི་འཆར་འགོད་བཅུ་བཞི་བའི་ཚུན་ལ།   ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལོ་ལོན་རྒན་པའི་ལས་དོན་དང་རྒན་གསོ་ཞབས་ཞུ་འཕེལ་རྒྱས་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལྟར།  ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་གནད་དོན་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་།   རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྒན་གསོ་ཞབས་ཞུའི་ཐད་ཀྱི་དགོས་མཁོར་དམིགས་ཏེ་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་བཀོད་སྒྲིག་བྱས་པ་དང་།    བྱེད་ཐབས་སྣ་མང་སྤྱད་དེ་ཀུན་ཕན་རྒན་གསོ་ཞབས་ཞུའི་ཁྱབ་རྒྱ་ཆེ་རུ་བཏང་།

ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་སྲིད་གཞུང་གིས་གཞི་རྩར་འགན་སྲུང་བྱེད་པ་དང་སྤྱི་ཚོགས་སྤྱི་ཡོངས་ཟབ་ཞུགས་བྱེད་པ།   དམངས་ཡོངས་ཀྱིས་མཉམ་འཛུགས་མཉམ་སྤྱོད་བྱེད་པའི་རྒན་གསོ་ཞབས་ཞུའི་འདོན་སྤྲོད་རྣམ་པ་གྲུབ་པར་བྱས།   སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་ཤུགས་ཚད་ཆེ་རུ་གཏོང་བ་དང་།   སྤྱི་ཕན་རང་བཞིན་གྱི་སྤྱི་ཚོགས་སྡེ་ཁག་དང་ཁྲོམ་རའི་གཙོ་གཞི་ཟབ་ཞུགས་བྱེད་པར་སྐུལ་མ་གཏོང་བ།   ཞབས་ཞུའི་འདོན་སྤྲོད་ཆེ་རུ་གཏོང་བ།   ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་མི་དམངས་མང་ཚོགས་ལ་སྤུས་ལེགས་ཞབས་ཞུ་དང་རིན་གོང་ལུགས་མཐུན་ཡིན་པའི་རྒན་གསོ་ཞབས་ཞུ་འདོན་སྤྲོད་བྱས།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན།  ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ།  ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་གསུམ་བཀོད་སྒྲིག་བྱས་ཏེ་གཞུང་གཉེར་རྒན་གསོ་ཞབས་ཞུའི་སྡེ་ཁག་བརྒྱ་དང་ང་དགུའི་ཚད་ལྡན་ཅན་དང་ཚན་གཞི་ཅན་གྱི་འཛུགས་སྐྲུན་ཡོངས་འགྲུབ་བྱས་ནས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་ཆ་རྐྱེན་ལེགས་བཅོས་བྱས།   ལོ་ལྔའི་འཆར་འགོད་བཅུ་བཞི་བའི་སྐབས་སུ།   ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མུ་མཐུད་དུ་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་དངུལ་གཏོང་བརྩོན་ལེན་ཤུགས་ཚད་ཆེ་རུ་བསྐྱེད་པ་དང་།   གཞིས་ཁུལ་ཁྱིམ་སྡོད་རྒན་གསོ་ཞབས་ཞུའི་དྲ་རྒྱ་དང་རྒན་གསོ་ཁང་སོགས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ་གཞུང་གཉེར་རྒན་གསོ་ཞབས་ཞུའི་སྡེ་ཁག་གི་ནུས་པ་དང་ཆུ་ཚད་རྒྱུན་མཐུད་ངང་མཐོར་འདེགས་སུ་བཏང་བ་དང་།      སྣ་མང་མཉམ་སྒུལ་དང་མཉམ་འཛུགས་མཉམ་སྤྱོད་ཀྱི་རྩ་དོན་ལྟར།     ཀྲུང་དབྱང་མ་དངུལ་གྱི་དཔེ་སྟོན་སྐུལ་ཁྲིད་དང་སྤྱི་ཚོགས་སྟོབས་ཤུགས་ཟབ་ཞུགས་བྱེད་པའི་ཤུགས་འདོན་ས་གཉིས་རྒྱུན་འཁྱོངས་བྱས་ཏེ།     ས་ཁུལ་སོ་སོས་ས་ཞིང་དང་འཆར་འགོད།   ནོར་ཁྲལ།  འཇོན་མི་སོགས་ཐད་ཀྱི་རྒྱབ་སྐྱོར་སྲིད་ཇུས་གཏན་འཁེལ་བྱེད་པར་ཁྲིད་སྟོན་བྱས་པ་དང་།    ཁེ་ལས་ཀྱིས་ཀུན་ཕན་རང་བཞིན་གྱི་ཞབས་ཞུ་འདོན་སྤྲོད་བྱས་ཏེ་རྒན་གསོ་ཞབས་ཞུའི་ཐད་ཀྱི་རྒྱབ་སྐྱོར་ཆེ་རུ་བསྐྱེད་པར་སྐུལ་མ་བཏང་།   དེར་མ་ཟད།   ས་ཁུལ་སོ་སོའི་གཞིས་ཁུལ་རྒན་གསོ་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་གྱི་གཙོ་གཞིའི་འགན་འཁྲི་ཇེ་ཞིབ་ཏུ་བཏང་སྟེ་སྡོད་ཁུལ་གསར་པ་དང་སྡོད་ཁུལ་རྙིང་བའི་རྒན་གསོ་ཞབས་ཞུའི་སྒྲིག་ཆས་ཇེ་ལེགས་སུ་བཏང་།

                                                                                           ལྷ་མོ་ཚེ་རིང་གིས་བསྒྱུར།