སྙན་བུའི་སྙན་ངག་གསར་པ་བརྒྱད།

念布 念布文学 2021-11-07 20:04

Image 

Image




Image

སྙན་བུའི་སྙན་ངག
​

Image

Always on My Mind




ཡང་དེའི་རྗེས་སུ།

དེ་ནི་ལོ་ཞིག་གི་སྟོན་མཇུག་ཡིན།
ངས་དེབ་ཅིག་གི་ཁ་ཕྱེ་མ་ཐག
བྱིའུ་ཆུང་ཞིག་ག་ལེར་འཕུར་ལམ་དུ་ཞུགས་ཤིང་།
ནམ་མཁས་རང་ཉིད་སྔར་ལས་ཀྱང་རྒྱ་ཆེ་བར་བཏང་།
སྟོན་མཇུག་ནི་རྒྱང་བཞུད་ལ་འཚམ་པའི་དུས་ཤིག་མིན་ཡང་སྲིད།
འོན་ཀྱང་བྱིའུ་ཆུང་རང་གི་ཕ་ཡུལ་དུ་ལོག་ན་བསམས།

ཡང་དེའི་རྗེས་སུ།
ངས་དེབ་ཅིག་གི་ཁ་ཕྱེ་མ་ཐག
ང་ནི་རང་གི་སྟོན་མཇུག་ཏུ་སླེབས་འདུག
ཐང་ཆད་པའི་གྲིབ་གཟུགས་ཤིག་ཡོད་པ་དེ་ང་རང་རེད།
སྡོང་ལོ་དག་ཕྱོགས་དང་ཕྱོགས་སུ་གྱེས་པའི་སྐབས་དེར།
བྱིའི་ཆུང་ཞིག་ངའི་མགོ་ཐོག་གི་སྡོང་མགོ་རུ་བབས་བྱུང་།


2021ལོའི་ཟླ་བཅུ་པ།



ས་འོག་མེ་འཁོར་དུ།

བུད་མེད་དེས་གཞི་ནས་ངོས་ལེན་ཞུས་སོང་།——

བདེན།   ངའི་སེམས་པ་བསྒུལ་སོང་།
དོན་དམ་སེམས་པ་བསྒུལ་བ་ཡང་མིན་ཏེ།
ཁོ་ནི་ངའི་མཛའ་བོ་ཡིན།
མི་ཚོགས་ཀྱི་འཚང་རྒྱག་ཁྲོད།
ཁོས་ང་རྒྱབ་ཕྱོགས་ནས་བསྡམས་ཏེ་འདུག
ངེད་གཉིས་ཕན་ཚུན་ཤིན་ཏུ་ཉེ།
མེ་འཁོར་གཡོ་སྐྱོམ་བྱེད་ཚུལ་དེ།
ངེད་གཉིས་ལ་བདེ་བ་ཐོབ་པ་དང་འདྲ།
ཡུན་རིང་བོའི་ངའི་ཁེར་རྐྱང་དང་འུ་ཐུག
སྐད་ཅིག་ཉིད་ལ་ཡལ་བར་གྱུར།
སྐབས་འདིར་ང་རང་ཧ་ཅང་སྐྱིད།
ངས་རང་ཉིད་གསོན་འདུག་པ་ཚོར་བྱུང་།
ང་རྒྱབ་ཕྱོགས་སུ་འཁོར་རྩིས་བྱེད་དུས།
མེ་འཁོར་བསྡད་བྱུང་།
འགྲུལ་བ་ཕལ་ཆེ་བ་རེངས་སྟབས་ཀྱིས་སྒོར་བུད་པ་ན།
ངས་གློ་རྡེག་ཏུ་དངོས་པོ་ཞིག་ང་དང་བྲལ་སོང་བ་ཚོར་བྱུང་།
མྱུར་དུ་ཁ་ཕར་འཁོར་དུས།
ཁོ་རང་མཐོང་རྒྱུ་མི་འདུག
དོན་དམ་མཐོང་རྒྱུ་མི་འདུག་པའང་མིན་ཏེ།
ང་ལ་རྟག་པར་འདི་ལྟ་བུའི་འཁྲུལ་སྣང་རེ་སྐྱེ་འོང་གིན་འདུག


2021ལོའི་ཟླ་བཅུ་པ།



སྐབས་འདིར།

སྐབས་འདིར།
ངས་ལྭ་བ་ཕུད།
ཟིན་ཤོག་གཤགས།
ཇ་ཡང་འཁྱགས།
སྙིང་བོ་མེད་པའི་འཚོ་བ་རུ།
ཆོ་ག་ཞིག་སྤེལ་དགོས་ན།
ངས་གཏུབ་གྲི་ཡིས།
ལག་པའི་ངོས་ལ་གཅིལ་ན་བསམས།
ཡང་ན་ཕོ་བ་དང་།  ཡང་ན་མཁུར་ཚོས།
གང་དུ་གཅིལ་ནའང་ཆོག
སྐབས་འདིར།  མོ་སླེབས་བྱུང་།
ཡིན་ཡང་མོ་སླེབས་པའི་དུས་ཚོད་ནོར་འདུག
ངས་གཏུབ་གྲི་བླངས་ནས།
མོ་ཕྱི་རུ་བདས་པ་ཡིན།
དེ་ནི་སྐྱ་རེངས་ཀྱིས་མུན་པ་བདས་པ་དང་མཚུངས།


2021ལོའི་ཟླ་བཅུ་པ།



ལུག་ཤ

གཟའ་མཇུག་ལ་ལུག་ཤ་བཙས་ཏེ་ཟོས།
ལྡད་ཐེངས་དང་པོ།
ལུག་གི་བྲོ་བ་རེད།
ལྡད་ཐེངས་གཉིས་པ།
ཤ་ཡི་བྲོ་བ་རེད།
ལྡད་ཐེངས་གསུམ་པ།
ད་གཟོད་ལུག་ཤའི་བྲོ་བ་རེད།
ལྡད་ཐེངས་བཞི་པའི་སྐབས་སུ།
བྲོ་བ་གཅིག་གིས་ཇེ་མང་དུ་སོང་འདུག་པ་འདྲ།
ངས་ཡུན་རིང་བོར་བལྡད་རྗེས།
ད་གཟོད་འཆི་བའི་བྲོ་བ་མྱངས་བྱུང་།
དེ་ནི་ཇི་འདྲའི་ཞིམ་མངར་ལྡན་པ་ལ་ཨང་།


2021ལོའི་ཟླ་བཅུ་པ།



སྙན་ངག་པའི་གཏམ་བཤད།

དོར་ཐུར་གྱོན་པའི་སྙན་ངག་པས།
བཅུད་སྣུམ་གླེང་།
གཟུགས་པོ་ཐུང་བའི་སྙན་ངག་པས།
ལུས་སྨད་གླེང་།
སྦི་རག་འཐུང་བའི་སྙན་ངག་པས།
དཀའ་སྡུག་གླེང་།
སྐྲ་ལོ་རིང་བོའི་སྙན་ངག་པས།
ཀླད་ཁུ་དཀར་པོ་གླེང་།
བར་སྟོང་ཕ་གིའི་སྙན་ངག་པས།
བྱིས་དུས་གླེང་།
འོན་ཏེ་སྙན་ངག་པ་མགོ་རེག་དེས།
སོབ་གོར་བཟའ་བཞིན་འདུག
ངས་བསམ་བཞིན་དུ།
ལྐོག་ནས་ཁོ་ལ་པར་ཞིག་བརྒྱབ།
རྒྱུ་མཚན་ནི་ཁོས་མགོ་བོ་བསྒུར་ཏེ།
ཁ་ཆེ་རུ་གདངས་ནས་སོབ་གོར་ཟ་བའི་རྣམ་པ་དེ།
སྙིང་དུ་སྡུག་པ་ཞིག་རེད།   བྱིས་པ་ཆུང་ཆུང་ཞིག་ལྟར།


2021ལོའི་ཟླ་བཅུ་པ།



ང་ཕལ་ཆེར་སངས་རྒྱས་ཡོད་པ་འདྲ།

ཉེ་ལམ།  ང་ཕལ་ཆེར་སངས་རྒྱས་ཡོད་པ་འདྲ།
རྒྱུ་མཚན་ནི་ངས་མོ་དང་འཁོན་འཛིང་བྱེད་མི་འདོད།
སངས་རྒྱས་ཀྱིས་དོན་ཕྲན་བུ་ཙམ་ལའང་རྩོད་པ་མི་བྱ།
ངའི་སེམས་ཁོང་ན་དྲག་ཏུ་འབར་བའི་ཁོང་ཁྲོའི་མེ་ལྕེ་ནི་མེད།
སངས་རྒྱས་ཇི་བཞིན་བརྩེ་སེམས་ལྡན་ལ་ཞི་བའི་ཚུལ་དུ་གནས།
མོས་ངའི་གདོང་ལ་མཆིལ་ཞག་འདེབས་ཞོར།
སྐད་གསང་མཐོན་པོས་ཁྱོད་ནི་ཁྱི་སྐྱག་རེད་ཅེས་ཟེར་ནའང་།
ངས་ཕྱིར་ལན་ཅི་ཡང་ལྡོན་གི་མིན།
རྒྱུ་མཚན་ང་རང་སངས་རྒྱས་ཡིན་ལ།  
སངས་རྒྱས་ཀྱང་གང་ཟག་ཡིན་པས།
བཟོད་སྒོམ་བྱེད་དགོས་དུས་ངེས་པར་བཟོད་སྒོམ་བྱེད་དགོས།


2021ལོའི་ཟླ་བཅུ་པ།



ང་རང་སངས་རྒྱས་ག་ལ་ཡིན།

ང་རང་སངས་རྒྱས་ག་ལ་ཡིན།
ཁྱོད་ཀྱིས་ལྟོས་དང་།  ཁོར་བྱ་བ་ཅི་ཡང་མེད་ནའང་།
ཉིན་གང་བོར་སྐྱིལ་མོ་ཀྲུང་ལ་བཞུགས་ནས་སྡོད་ཐུབ།
ང་རང་དེ་ལྟར་མི་ནུས།
བཀྲེས་ལྟོགས་ཀྱིས་གཟིར་བའི་གཅན་གཟན་གྱིས།
ཅིས་ཀྱང་ཟས་རིགས་ཤིག་འཚོལ་དགོས་པ་བཞིན།
མར་བསྡད་མ་ཐག་ཏུ་སེམས་ཁྲལ་སྐྱེས་འོངས།
སྐབས་འདིར་ངས་འདི་ལྟར་སྙམ།
དོན་དམ་སངས་རྒྱས་ཀྱང་སངས་མ་རྒྱ་བའི་ཡར་སྔོན་དུ།
ང་ནང་བཞིན་སེམས་ཁྲལ་སྐྱེས་ཡོད་པ་གདོན་མི་ཟ།


2021ལོའི་ཟླ་བཅུ་པ།



ཁ་བ་འབབ་བཞིན་འདུག

སྒེའུ་ཁུང་ནང་རོལ་དུ་ངའི་སྙིང་ཆུང་ལྷོག་ལྷོག་ལྡིང་གིན་འདུག
སྒེའུ་ཁུང་ཕྱི་རོལ་དུ་ངའི་ཁ་བ་ལྷབ་ལྷུབ་འབབ་བཞིན་འདུག

ངས་སྒེའུ་ཁུང་གི་ཤེལ་ངོས་ལ་གད་བདར་བྱེད་དུས།
ཕྱི་རོལ་དང་ནང་རོལ་གྱི་ནམ་ཟླ་གཅིག་འདྲ་ཡིན་པ་ཚོར་བྱུང་།

ཕལ་ཆེར་བར་སྐབས་འདིའི་སེམས་ཁྲལ་ལ་རག་ལས་པ་འདྲ།
རང་ཉིད་ཀྱི་ཕྱི་ནང་གཉིས་ཀ་ནམ་རྒྱུན་ལས་ཀྱང་ཤིན་ཏུ་འཁྱག

དེའི་ཕྱིར་དུ།    ཁ་བ་ནི་ང་ཁོ་ནའི་ཆེད་དུ་འབབ་བཞིན་འདུག
ཁ་བ་ནི་ཐོག་དང་པོར་ང་ཁོ་ནའི་ཆེད་དུ་ལྷབ་ལྷུབ་ཏུ་བབས་བྱུང་།

ཡིན་ཡང་འདབ་མ་མང་པོའི་ཁྲོད་ཀྱི་དཀར་པོ་གཅིག
བར་སྣང་ནག་པོ་དེ་རུ་དཀའ་ཁག་ཅི་ཞིག་ལ་འཕྲད་ཡོད་དམ།

ངས་གྲང་འདར་རྒྱག་བཞིན་རང་གི་སྒེའུ་ཁུང་ཆེས་ཆེར་ཕྱེས་ཚེ།
ང་དང་འདྲ་བ་གཅིག་རང་གི་ཁྱིམ་དུ་ཟགས་ནས་ག་ལེར་ཞུ་སོང་།


2021ལོའི་ཟླ་བཅུ་གཅིག་པ།




Image
སྙན་བུ།

གོ་རབས་པའི་སྐད་གཉིས་རྩོམ་པ་པོ། བརྩམས་སྒྲུང་དང་སྙན་ངག ལྷུག་རྩོམ་དང་རྩོམ་དཔྱད་སོགས་རྩོམ་ལུས་སྣ་མང་ལ་འཇུག བརྩམས་ཆོས་གཙོ་བོར《གཞོན་ནུ་མ་ཞིག་གི་ཁྱོ་ག》དང་།《སོར་གདུབ》《ཟིན་དེབ་དམར་པོ》《གྱི་ལིང་གནམ་རྟ་དཀར་པོ》《རི་མོའི་ནང་གི་ཨ་ཕ》སོགས་མཆིས། ༢༠༡༩ལོར་སྙན་དེབ་ཐོག་མ《བདག་གི་རྟ་ཕོ》པར་དུ་བསྐྲུན། ད་ལྟ་པེ་ཅིན་ན་ཡོད།





Image




Lonely




Image




འོར་ཀློག་དང་བསྐྱར་ཀློག
Image

བརྩམས་སྒྲུང་།

བཀྲ་བྷའི་བརྩམས་སྒྲུང་གསར་པ། ཕ་ཝང་།

རྩོམ་པ་པོ་བཀྲ་བྷའི་སྒྲུང་གཏམ་གསར་པ《མེ》

བཀྲ་ཤིས་ཞེས་པའི་ཁྱི་རྒན་ཞིག་རྗེས་སུ་དྲན་པ། སྒོ་མེ་ཚེ་རིང་བཀྲ་ཤིས

སྒྲུང་ཐུང་ཡིག་བརྒྱ་མ། འཆི་བདག་གི་མིག སྙན་བུ། <སྒྲ་ལྡན།>

Image

སྙན་ངག

ཚྭ་ཡི་སྙན་ངག ལོག་ས་མེད་པའི་མགྲོན་པོ།<ཞར་བཀོད་ལྔ>
འོས་སྦྱོར།  མདའ་བཙན་པོའི་སྙན་ངག་གསར་པ་བདུན།
མདོ་སྨད་ཧེ་རུ་ཀའི་གསར་བྲིས་སྙན་ངག་བརྒྱད།
ཉྭ་སྲིན་པོའི་གསར་བྲིས་སྙན་ངག་གསུམ།
ཐོ་ཡོར་གྱི་གསར་བྲིས་སྙན་ངག་བཞི།
ཁྱོད་ཚོ་ནི་རུས་རྒྱུད་བོར་བའི་རྨ་ཁ་ཡིན་སྲིད། ངལ་རྫི།
༢༠༢༠ལོའི་སྙན་ངག་བདམས་བཀོད། སྙན་བུ།
Image

དཔྱད་རྩོམ།

ཕར་རྒྱབ་ཀྱི་ལོ་ཟླ་དང་འབྲེལ་བའི་གཏམ། བྱ་གཞུང་དབྱངས་བྷ།
ཕར་རྒྱབ་ཀྱི་ལོ་ཟླ་ཡི་གླེང་གཞི། རེ་རྐང་གླིང་།
སྙན་ངག་མི་དང་གངས་རི་ལ་དཔྱད་པ། མདོ་སྨད་ཧེ་རུ་ཀ
Image

ལྷུག་རྩོམ།

ཨ་ཕ་ལགས་ཀྱིས་ང་ལ་རེ་བ་གཉིས་མ་གཏོགས་བཅངས་མ་མྱོང་། སྙན་བུ།
དེ་རིང་ཡང་།ཨ་མ་ལགས་རང་གི་སྡུག་བསྔལ་གྱི་ནང་དུ་ཙོག་འདུག སྙན་བུ།
རྣམ་རྒྱལ་སྒྲོལ་མའི་ལྷུག་རྩོམ་གསར་པ་གཉིས།
གསའ་ནག་པོའི་ལྷུག་རྩོམ། 「རྨོ་མོ་དང་ཁ་བ།」
Image

བསྒྱུར་རྩོམ།

རྩོམ་པ་པོ་ཆེན་པོར་གྱུར་བའི་ལམ་གྱི་རིམ་པ། ཉྭ་སྲིན་པོས་བསྒྱུར།
སཱ་ཐིས་ནོར་པེལ་གཟིགས་བཟོས་དང་ལེན་མ་བྱས་པའི་གསལ་བསྒྲགས།
ཁྱེད་རང་ངོ་མི་ཤེས་པའི་ཡར་སྔོན་དུ། སྙན་བུས་བསྒྱུར།
དོན་དམ་དུ་རྟ་ཕོ་ཡང་མ་ཡིན་ཏེ། ཀ་ལ་པིང་ཀས་བསྒྱུར།




Image





Image

སྤྱི་སྟེགས་ལ་དོ་ཁུར་གནང་རོགས།

  主编微信:INianBu
  主编微博:念布_