དེབ་གསར《འཇམ།---Mགྲོང་ཚོའི་རྣམ་བཤད།》ཅེས་པའི་གླེང་སློང་བའི་གཏམ།

拉先加 念布文学 2021-05-28 10:48

Image 

Image

Image



Image
འཇམ།
Image

ལྷ་བྱམས་རྒྱལ་གྱིས་བརྩམས།
ལྷ་བྱམས་རྒྱལ།
གླེང་སློང་བའི་གཏམ།

ལྷ་བྱམས་རྒྱལ།


དེབ་འདིའི་ནང་དུ་དཔེ་མཚོན་དུ་གྱུར་པའི་གྲོང་ཚོ་འདིར་ང་ཚོསMགྲོང་ཞེས་བཏགས་ཆོག  Mགྲོང་ཚོ་ནི་སའི་གོ་ལའི་གཞུང་ཐིག་101.61དང་འཕྲེད་ཐིག་35.86གི་མཚམས་སུ་ཆགས་ཡོད་པ་དང་། དེབ་འདིའི་ནང་དུ་འཁོད་པའི་ལོ་རྒྱུས་ཀྱི་བཅད་མཚམས་ནི་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་ཡར་སྔོན་དུ་བཞག་ཆོག
སྟོན་མཇུག་གི་རི་ལུང་ཐང་གསུམ་གྱི་རྩྭ་དང་རྩི་ཏོག་གི་ཁ་དོག་རིམ་གྱིས་སེར་བོར་གྱུར་ཅིང་། སེར་པོ་ནས་རིམ་གྱིས་སྐྱ་མདོག་ཏུ་གྱུར། དེ་དུས་ཡུལ་སྡོང་གི་ལོ་མ་ལེབ་མོ་དེ་དག་ཀྱང་མར་ཁུ་བྱུགས་པ་དང་མཚུངས་པར་སེར་བོར་གྱུར་པ་དང་། སེར་བོར་གྱུར་ནས་རིང་ཙམ་མ་ལོན་པར་ནེམ་ཤོར་ནས་སྐམ་པོར་གྱུར། སྐབས་དེར་ལུང་པའི་ནང་དུ་ལྡང་ཡོང་བའི་རླུང་ལ་ཡང་འགྱུར་པ་འགྲོ་བཞིན་འདུག་སྟེ། བསིལ་སྣང་ཅན་ནས་མངོན་སུམ་གྱིས་འཁྱག་སྣང་ཅན་དུ་གྱུར་ཅིང་། འགྲོས་དལ་ཅིང་འཇམ་པའི་རེག་བྱ་ཅན་ནས་འགྲོས་མགྱོགས་ཤིང་རྩུབ་པོའི་རེག་བྱ་ཅན་དུ་གྱུར། དེ་ལྟ་བུའི་སྟོན་མཇུག་མ་ནས་དགུན་མགོ་མ་བསུ་བའི་རླུང་གིས་སྡོང་བོའི་ཡལ་ཀ་ནས་ལོ་མ་སེར་བོ་དེ་དག་ཤོག་སྒྲ་དང་བཅས་ཡང་ཡང་སྒུལ་ཏེ་ཉིན་ཁ་ཤས་ཀྱི་རིང་ལ་ས་རུ་ཡང་མོར་སྟོར་ཡོང་། དེ་དུས་མདོ་དབུས་མཐོ་སྒང་གི་ཤར་མཐའི་ལུང་ཁོག་དུ་ཆགས་ཡོད་པའི་རོང་མ་འབྲོག་གི་རི་གྲོང་ཆུང་ཆུང་སྟེ། Mགྲོང་གིས་དགུན་རྒྱ་སྟག་འདྲ་བོ་དེ་རི་བོའི་ཕ་རོལ་གྱི་ཐག་མི་རིང་བའི་ས་ཆ་ཞིག་ནས་འདི་ཕྱོགས་སུ་ཉེ་བར་བཅར་བཞིན་པའི་རྡོག་སྒྲ་ཐོས་བྱུང་། དེ་ལྟ་བུའི་དུས་ཚོད་ཀྱི་ཞོགས་པ་ཞིག་ལ་མི་རྣམས་ཀྱིས་རྒྱང་རིང་གི་རི་མགོར་དཀར་བོངས་སེ་བ་མོ་ལྷུང་ཡོད་པ་མཐོང་པ་དང་། ཉེ་སའི་སྲིབ་འཁྱག་ཏུ་བཞུར་བའི་ཆུ་མིག་དེར་ཡང་ཆབ་རོམ་སྲབ་མོ་ཞིག་གཡོགས་ཡོད་པ་མཐོང་། འདི་ནི་ལུགས་རྙིང་གི་ཟླ་བཅུ་བའི་ཟླ་སྟོད་ཀྱི་དུས་ཚོད་ཅིག་ཡིན་ཏེ། Mགྲོང་གི་མི་རྣམས་ཀྱིས་རི་མགོའི་ལུག་ཁྱུ་སྲོད་ལ་ལུག་ཁང་དུ་དེད་ཡོང་བའི་ཁྲོད་ནས་ཤ་ཤེད་ཡོད་པའི་ཤ་བཟན་ཁ་ཤས་བདམས་རྗེས། དགུན་ཤ་བཤའ་བའི་ཉིན་མོ་བསུས་ཡོང་།

Image


དགུན་ཤ་བཤའ་བའི་གནས་འདི་ནི་ཅི་འདྲའི་ཁྱད་མཚར་བའི་གྲོང་ཚོ་ཞིག་རེད་ཨང་། Mགྲོང་དང་Mགྲོང་ལྟ་བུའི་གྲོང་ཚོ་ལ་ཁོ་ཚོ་རང་གིས་རང་གི་ས་འདིར་འཇམ་ས་ཟེར་ཞིང་། གྲོང་ཚོའི་ནང་གི་མི་རྣམས་ཀྱིས་རང་གིས་རང་ལ་འཇམ་པ་ཟེར། དེ་ལྟར་སྤྱི་མཚན་དུ་གྱུར་པའི་འབོད་མིང་ཞིག་གྲུབ་པ་དེ་ཡང་། སྨད་ཕྱོགས་ཀྱི་ལུང་ཁོག་དོག་མོར་ཆགས་པའི་རོང་ས་དང་རོང་བར་དབྱེ་བ་འབྱེད་ཅིང་། སྟོད་ཕྱོགས་ཀྱི་རི་ཀླུང་ཡངས་མོར་ཆགས་པའི་འབྲོག་ས་དང་འབྲོག་པ་དང་ཡང་ཧེ་བག་ཡོད་པར་སྟོན་ཆེད་ཡིན་སྲིད། ས་ཆ་ལ་ལ་ཞིག་གིས་ས་འདིར་བར་ས་ཟེར་ཞིང་།  དེ་ཡང་རོང་འབྲོག་གཉིས་ཀྱི་མཚམས་ན་ཡོད་པ་རྒྱུ་མཚན་དུ་བྱས་བ་ཞིག་ཡིན་སྲིད།  ཡང་ས་ཆ་ལ་ལ་ཞིག་གིས་འདི་ལ་རོང་མ་འབྲོག་གི་ས་ཆ་ཟེར་ཞིང་དེ་ཡང་རོང་བའི་ཚུལ་དུ་ས་ཞིང་འདེབས་ཤིང་འབྲོག་པའི་ཚུལ་དུ་ནོར་ལུག་འཚོ་བའི་ལས་ཀ་གཉིས་ཐུན་མོང་གིས་སྒྲུབ་པ་རྒྱུ་མཚན་དུ་བྱས་པ་ཞིག་ཡིན་སྲིད། གང་ལྟར་ཀྱང་། ས་གཤིས་དང་ས་ཚུགས་ཀྱི་ངོས་ནས་བལྟས་ན་Mགྲོང་ཆགས་ས་ན་རོང་གི་ལུང་པ་བཞིན་དོག་མོ་ཞིག་མ་ཡིན་ལ་འབྲོག་གི་རི་མགོ་བཞིན་མཐོན་པོ་ཞིག་མ་ཡིན་པར། ས་བབ་ཅུང་བདེ་ཞིང་ཁོད་ཅུང་སྙོམས་པ་ཞིག་ཡིན་པས། རང་བྱུང་ཁམས་ཆེན་པོས་མི་ཡུལ་ལ་བསྩལ་པའི་ས་ཆ་འཇམ་པོ་ཞིག་ཡིན་སྲིད། དེ་བས་ཀྱང་། ས་འཇམ་པོ་འདི་ནི་མཐོ་སྒང་འདིར་བོད་ཀྱིས་མི་ལོ་ཁྲི་ཕྲག་ལ་རྒྱུན་བསྐྱངས་ཡོང་པའི་ཐོན་སྐྱེད་བྱེད་སྟངས་གཉིས་ཏེ། འབྲོག་ལས་དང་ཞིང་ལས་གཉིས་ངོ་བོ་གཅིག་སྡུད་དུ་གྱུར་པའི་ཡུལ་ཞིག་ཡིན་པས། བོད་ཀྱི་འབྲོག་པའི་རིག་གནས་དང་ཞིང་བའི་རིག་གནས་གཉིས་གྲོང་ཚོ་འདི་ནས་དུས་གཅིག་ཏུ་རྒྱུད་འཛིན་བྱུང་ཡོད་ཅིང་། འདི་ལྟ་བུའི་རི་གྲོང་གི་འཚོ་བའི་རིག་གནས་ནི་བོད་པའི་འཚོ་རྟེན་དུ་གྱུར་པའི་ཞིང་ལས་དང་འབྲོག་ལས་ཀྱི་ངལ་རྩོལ་འཚོ་བའི་ཁྲོད་ཀྱི་འཚོ་གནས་ཀྱི་ཤེས་རབ་ཅིག་ཡིན་སྲིད་དེ། དེ་ལ་ང་ཚོས་གནས་སྐབས་སུ་འཇམ་གྱི་རིག་གནས་དང་འཇམ་གྱི་ཤེས་རབ་ཅེས་བོས་ཆོག


Image


དགུན་ཤ་བཤའ་བའི་ཉིན་མོ་དེ་ནི་ཅི་འདྲའི་སྤྲོ་སྣང་གིས་ཁེངས་ཡོད་པ་ཞིག་རེད་ཨང་། དེར་བརྟེན་ང་ཚོས་འཇམ་གྱི་རིག་གནས་དང་འཇམ་གྱི་ཤེས་རབ་ཀྱི་སྐོར་ལ། ལུག་ཤ་བཟན་དགུན་ཤར་བཤའ་བའི་གནས་སྐབས་འདི་ནས་གླེང་བསླང་ཆོག་སྟེ། ལུག་གཅིག་གི་འཆི་གསོན་ལས་ང་ཚོས་སྐད་ཆ་རིང་པོ་རིང་པོ་ཞིག་གི་མགོ་བརྩམ་ཆོག  ལུག་དེ་བཤའ་དུས་ཁྱིམ་བདག་གིས་ངག་ནས་མ་ཎི་ཡིག་དྲུག་ཟློ་ཞིང་དེ་ནས་སྒལ་བའི་སྒང་ནས་བལ་ཆུན་བུ་ཞིག་བཏོག་ནས་ཉར་ཚགས་བྱེད་ཅིང་།  དེ་ལ་གཡང་ལེན་པ་ཟེར།   གཡང་ཟེར་བ་ནི་བོད་པའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་སེམས་ཁམས་དང་སྣང་ཚུལ་ཞིག་ཡིན་ཏེ། དེ་ནི་བརྟན་གཡོ་ཡོད་རྒུའི་ངོ་བོར་འཛིན་པའི་འདུ་ཤེས་ཤིག་སྟེ། བོད་པ་རྣམས་བརྟན་གཡོ་ཀུན་ལ་རང་གི་རྟེན་གཞིའི་ངོ་བོར་གྲུབ་ཡོད་པའི་མི་མངོན་པའི་བྱིན་རླབས་ལྟ་བུ་ཞིག་ཡོད་པར་ཡིད་ཆེས་ཤིང་། དེ་ལྟ་བུའི་བྱིན་རླབས་ནི་དངོས་པོ་གང་དེའི་ནུས་པ་དང་། ནང་བཅུད། སྙིང་བོ་སོགས་ཡིན་ཞིང་། དངོས་པོ་གང་དེ་གནས་ཤིང་འཕེལ་བའི་ནང་གི་སྒུལ་ཤུགས་དེ་འདྲ་ཞིག་ཡིན་པར་བསམས་ཡོད། དེར་བརྟེན། དངོས་པོའམ་རྟེན་གཞི་འཇིག་ཀྱང་གཡང་མ་ཉམས་ན་ཡོད་ཚད་སླར་ཡང་མགོ་བརྩམས་ཆོག་པར་སྙམ། ལུག་ཤ་བཟན་དེའི་ཤ་ཁྲག་གདོས་བཅས་ཀྱི་ཕུང་པོ་དེ་འཇིག་འགྲོ་ཡང་དེ་ལྟར་རྟེན་འབྲེལ་གྱི་ཚུལ་གྱི་གཡང་ལེན་པ་རེད། གཡང་དེ་བླངས་ན་ཁྱིམ་བདག་གི་སེམས་ཁམས་གཞི་ནས་བདེ་ལ་འབབ་ཐུབ་ཅིང་།   བཤས་ཟིན་པའི་ལུག་དེས་སྔར་བཞིན་ཁྱིམ་འདི་ལ་ལུག་དེ་བས་མང་པོ་སྤེལ་ཡོང་བར་ཡིད་ཆེས་བྱེད་བཞིན་ཡོད། ལུག་དེ་ལྟར་བཤས་ཟིན། བཤས་ཟིན་པའི་ལུག་དེའི་ཤ་ཁོག་ཁང་པའི་བྱ་འདབས་ཀྱི་གདུང་མར་དཔྱངས་ནས་རླུང་ཁར་གཡེང་སྟེ་སྐམ་སྲལ་བྱེད། 

Image


ལུག་དེ་ནི་ཅི་འདྲའི་གཡང་ལུག་ཅིག་རེད་ཨང་། ལུག་དེའི་སྟེང་དུ་འཇམ་གྱི་འཚོ་གནས་ཀྱི་ནང་དོན་ཡོད་ཚད་འདུས་ཤིང་། འཚོ་གནས་ལས་བྱུང་བའི་ཤེས་རབ་སྟེ།  རྟེན་ཅིང་འབྲེལ་འབྱུང་གི་འཚོ་བའི་ངོས་ཟིན་དང་ངོས་ཟིན་དེ་སྦྱོར་བར་བསྟར་བའི་ངལ་རྩོལ་གྱི་སྣང་ཚུལ་ཡོད་དོ་ཅོག་འདུས་ཡོད།  ང་ཚོས་སྔར་བཞིན་ལུག་འདི་དཔེ་མཚོན་དུ་བཀོད་ནས་འཇམ་གྱི་རིག་གནས་ཀྱི་ནང་སྙིང་ལ་ལག་སྙོབ་བྱེད་དགོས་ཤིང་།  དེ་ལྟར་ལག་སྙོབ་བྱེད་དུས་Mགྲོང་གི་ཕ་མེས་ཡང་མེས་ནས་བསགས་ཏེ་བརྒྱུད་ཡོང་བའི་འཚོ་གནས་ཀྱི་ཤེས་རབ་རྡོག་རྡོག་དེ་ཡང་ལག་མཐིལ་ཏུ་ལེན་ཐུབ།

ལུག་དེ་ལུ་གུ་ཆུང་ཆུང་ཞིག་ནས་ཤ་བཟན་ཞིག་ཏུ་འགྱུར་པའི་བར་དུ། ཉིན་ལ་རིའི་སྒང་ནས་རྩྭ་ཡི་རྩི་བཅུད་ལ་རོལ་བ་དང་། སྲོད་ལ་གྲོང་ཚོའི་ནང་གི་ལུག་ཁང་དུ་ལོག་ཡོང་རྗེས་ཉིན་ལ་ཟས་པའི་རྩྭ་དེ་དག་ཁོག་པའི་ནང་ནས་རིལ་མར་གྱུར་ཏེ་ལུག་ཁང་དུ་བཏང་། རིལ་མ་སྐམ་པོར་གྱུར་རྗེས་ཁྱིམ་བདག་གི་ཐབ་ཚང་ནང་གི་མེ་ཐབ་གྱི་འབུད་ཆས་སུ་གྱུར། མེ་ལ་འབར་བའི་ཐལ་བ་དེ་ཡང་རྟ་དང་བ་ཕྱུགས་སོགས་ཀྱི་ཟོག་ཁང་དང་གསང་སྤྱོད་སོགས་སུ་བྱོ་སྟེ་དེའི་སྒང་དུ་ལུག་གི་གཅིན་པ་སོགས་བཏང་རྗེས་ཡུན་གྱིས་ལུད་དུ་གྱུར་པ་དང་།  དགུན་དང་དཔྱིད་ཀྱི་དུས་སུ་ལུད་དེ་དག་ཞིང་ནང་དུ་དབོར་འདྲེན་བྱས་ནས་སྟོར་པ་ན་ལོ་ཏོག་གི་ལུད་རྫས་སུ་གྱུར། ཡང་ལུག་དེས་ལོ་རེ་རེར་བལ་དཀར་འཇོ་ལོ་ལོ་ཁྱིམ་བདག་ལ་སྐྱེས་སུ་འབུལ་ཅིང་།  ཁྱིམ་བདག་གིས་ལོ་རེར་བྲེགས་པའི་བལ་ནི་འཕང་ལ་བརྟེན་ནས་སྐུད་པར་འཁེལ་ཅིང་། སྐུད་པས་ཐགས་བཏགས་ནས་སྒྱེ་མོ་དང་ཐག་པ་སོགས་བཟོ།  སྒྱེ་མོའི་ནང་དུ་སྟོན་གྱི་ལོ་ལེགས་ཀྱི་འབྲུ་རིགས་བླུགས་ནས་ཐག་པས་རྒྱབ་ཏུ་འཁུར་ཏེ་འགྲོ་དུས།  འཇམ་པའི་མི་དེའི་གདོང་དུ་རྔུལ་ནག་ཁྲོམ་ཁྲོམ་བྱེད་ཀྱང་འཛུམ་པའི་མེ་ཏོག་གདོང་གི་མདངས་སུ་བཞད་ཡོད། ལུག་དེ་གསོན་དུས་ཀྱང་དེ་ལྟར་ཁོ་ཚང་གི་འཚོ་བའི་ག་ས་གར་དུ་མངོན་ཡོང་སྟེ། ལོ་དེ་དག་གི་རིང་ལ་ཁོ་ཚང་གི་འཚོ་གནས་ཀྱི་ཐད་དུ་བྱས་རྗེས་རླབས་ཆེན་བཞག་ཡོད། དེར་བརྟེན།  ལུག་དེ་ནི་གཡང་ལུག་ཡིན་ཞིང་ཁྱིམ་འདི་ལ་གཡང་ཡང་དང་ཡང་དུ་སྤྲད་ཡོང་ཞིང་།  ཆེས་མཐར་མཇུག་ད་དུང་རང་གི་ཤ་ཁྲག་གདོས་བཅས་ཀྱི་ལུས་ཕུང་གིས་ཁྱིམ་འདི་ལ་འཚོ་བའི་ཉེར་མཁོ་སྤྲད་ཡོང་།


Image


འཇམ་པའི་ཁྱིམ་བདག་གིས་མིག་བཙུམ་ནས་ཡུད་ཙམ་ལ་མ་ཎི་ཡིག་དྲུག་ངག་ནས་བཟློ། དེ་ནི་ཉེས་བཤགས་ཀྱི་སྤྱོད་སྟངས་ཤིག་སྟེ། རང་གིས་དེ་ལྟར་ཁྱིམ་འདིར་བྱས་རྗེས་ཆེ་བའི་ལུག་དེས་སྲོག་འཕྲོག་པའི་ཉེས་སྤྱོད་ལ་གུ་ཡངས་ཐོབ་པའི་གསོལ་འདེབས་ཤིག་ཡིན། དེ་ལྟ་བུའི་སེམས་ཁམས་ནི་འཚོ་གནས་ལ་འབད་མཁན་ཞིག་ཡིན་ཚེ་ཅིས་ཀྱང་ངེས་པར་དུ་ཡོད་དགོས་པ་ཞིག་ཡིན་ཏེ། ཉེས་པ་བསོགས་པའི་སྙིང་སྟོབས་ཡོད་པ་དེ་ཡང་འཚོ་གནས་ཀྱི་ཕྱིར་དུ་ཡིན་ལ། ཉེས་པ་བཤགས་པའི་འདུ་ཤེས་ཡོད་པ་དེ་ཡང་མཐར་གཏུགས་ན་འཚོ་གནས་ཀྱི་ཕྱིར་དུ་ཡིན།  དེ་བས་ཤ་བཟན་དེ་ཉིན་དེར་དེ་ལྟར་འཇམ་པ་དེས་དབུགས་བསྡམས་ནས་ཤ་ཁྲག་བླངས། ལུག་དེ་དེ་ལྟར་ཁྱིམ་བདག་གི་ལུག་ཁྱུ་ནས་མེད་པར་གྱུར་ཀྱང་། ལུག་དེས་རང་གི་གཡང་ཁྱིམ་ཚང་དེར་སྐྱུར་ངེས་ཏེ།  གཡང་ཉར་འཇོག་བྱེད་ཐབས་ནི་ལུག་དེའི་གྲུབ་ཆ་ཕྲ་མོ་རེ་རེར་ཆུད་ཟོས་ཅི་ཡང་མེད་པར་འཛད་སྤྱོད་གང་ལེགས་བྱེད་པ་དེ་ཡིན། ང་ཚོས་འདི་ནས་བཤས་ཟིན་པའི་ཤ་བཟན་དེ་ཁྱིམ་བདག་གིས་ཇི་ལྟར་འཛད་སྤྱོད་བྱེད་པར་རགས་ལྟ་ཙམ་བྱས་ཆོག་སྟེ། ཐོག་མར་ལུག་གི་ཤ་ཁོག་ཧྲིལ་བོ་དེའི་ལྷུ་ལག་རེ་རེ་དང་རྩིབ་མ་རེ་རེ་བྱས་ཏེ་སོ་སོར་བགར་ནས་ཁྱིམ་གྱི་སྲིབ་འཁྱག་གི་ཤ་ཁང་ཆུང་ཆུང་དེའི་ནང་དུ་ཉར་འཇོག་བྱེད་སྲིད་པ་དང་། Mགྲོང་ལ་ད་ལྟ་ནང་བཞིན་འཁྱག་སྒམ་མེད་པས།  ཁོ་ཚོས་ཧ་ཅང་བསྟུན་མཁས་ཀྱིས་རང་བྱུང་ཁམས་ཆེན་པོའི་གནམ་གཤིས་ཀྱི་དྲོ་གྲང་བེད་སྤྱོད་གང་ལེགས་བྱེད་ཤེས་ཡོད་ཅིང་། ཁོ་ཚོས་གནམ་གཤིས་ཇེ་འཁྱག་ཏུ་འགྲོ་བ་དང་ལུག་གི་ཤ་ཤེད་ལྷུང་ལ་ཉེ་བའི་བར་མཚམས་དེ་བཟུང་སྟེ་ལུག་བཤའ་དོན་ཡང་གནད་འདི་ལ་ཐུག་ཡོད་སྲིད། སྲིབ་འཁྱག་གི་ཤ་ཁང་ནང་གི་ཤ་ཁོག་དེ་ལོ་རྗེས་མའི་དཔྱིད་མགོ་ཚེས་པའི་བར་དུ་ཟས་ཆོག ལུག་གི་ནང་ཁྲོལ་དེ་དག་གཙང་མར་བཀྲུས་ནས་ཡ་ཆུང་ཁོག་གི་ཁྲག་དམར་བླངས་ནས་དེའི་ནང་དུ་སྙིང་། མཆིན་པ། མཁལ་མ། མཚེར་བ་ལ་སོགས་གཙབ་ནས་དེའི་ནང་དུ་ཙོང་སོགས་བླུགས་ཏེ་རྒྱུ་མ་དང་། གཡེ། ལུང་ག་སོགས་ལྡུགས་པ་དང་།  གཞན་གྲོད་པུ་གཙང་མར་བཀྲུས་ཏེ་མར་སྣོད་སོགས་བྱས་ཆོག ལུག་དེའི་སུག་ལག་དང་ལུག་མགོ་ནི་མེ་ཁར་བསྲེགས་ནས་སྟེང་གི་བ་སྤུ་རྣམས་གཞོབ་པར་བྱས་ཏེ་ནམ་ཟླ་གྲང་མོ་ཡིན་དུས་ཐབ་ནང་དུ་གདུས་ནས་ཟ་བར་བྱེད། ལུག་དེའི་པགས་པ་ནི་སུག་བཞི་ནས་འཐེན་ཏེ་ཐར་གཅལ་བ་དང་སྐམ་པར་བྱས་ནས་འཇོག་ཅིང་། རྗེས་མར་སློག་པ་སོགས་བཟོ་བའི་རྒྱུ་ཆར་བེད་སྤྱོད་བྱེད།   ཐ་ན་ལུག་དེའི་ར་ཅོ་ཡང་བེད་མེད་དུ་གཡུག་པར་མི་བྱེད་པར་ཁྱིམ་གྱི་ཀ་ངོས་སུ་འཛེར་ནས་ཅ་ལག་འགེལ་བར་བྱེད། ལོ་གཅིག་གི་རིང་ལ་ལུག་དེའི་ཤ་ཁོག་རིམ་གྱིས་ཁྱིམ་མིས་ཟས་ཚར་ངེས་ཏེ། དེའི་རིང་ལ་ལྷག་ཡོད་པའི་རུས་པ་དེ་དག་གསོགས་ནས་ཉར་འཇོག་བྱེད་ཅིང་། ལོ་གཅིག་གི་མཚམས་ནས་རུས་པ་དེ་དག་རྡུང་ནས་ཧྲུག་ཧྲུག་བཟོ་ཞིང་། རུས་ཧྲུག་རྣམས་སླ་ངའི་ནང་དུ་དུས་ཚོད་རིང་ཙམ་ལ་བཙོ་ཞིང་། རུས་པའི་ཞག་རྩི་ཡོངས་སུ་ཏོན་པར་བྱས་རྗེས། ཆུ་ཁའི་ཞག་རྩི་དེ་རྣམས་བཏོན་ནས་སྐག་པར་བྱས་ཏེ་ཉར་འཇོག་བྱེད་ཅིང་། སྐག་ཟིན་པའི་ཞག་རྩི་དེས་མཚམས་རེར་རྩམ་པ་དང་བསྡེབས་ནས་མར་གྱི་དོད་བྱེད་ཅིང་དེ་ལ་ཞག་རྩམ་ཟེར། གཞན་མོག་མོག་སོགས་བཟོ་དུས་ཞག་རྩི་དེ་བཏོན་ཡོང་ནས་རྒྱུ་ཆའི་ནང་དུས་བསྲེས་པར་བྱེད། ལྷག་ཟིན་པའི་རུས་ཧྲུག་དེ་དག་ཀྱང་ཡུལ་འདིའི་མི་རྣམས་ཀྱིས་རྩ་ཆེན་དུ་བརྩི་སྟེ། ཁོ་ཚོས་དཔྱིད་མགོ་མའི་སྐབས་སུ་རུས་ཧྲུག་དེ་རྣམས་སིལ་ཏོག་ར་བའི་ནང་དུ་འཁུར་ཏེ་དེ་གར་ཡོད་པའི་ཀུ་ཤུའི་སྡོང་བོ་སོགས་ཀྱིས་རྩ་བའི་ས་འོག་ཏུ་སྦས་བར་བྱེད་ཅིང་། དེ་ནི་ཆེས་བཅུད་ལྡན་གྱི་ལུད་རྫས་སུ་འགྱུར་ངེས། དེ་ལྟར་ལོ་གཅིག་གི་རྗེས་ནས་བཤས་ཟིན་པའི་ལུག་དེ་ད་ནི་ས་ཆུ་མེ་རླུང་གི་འབྱུང་བར་དུས་གཏན་དུ་འཐིམ་པ་དང་། དེ་ལྟར་འཐིམ་པའི་ངང་ཚུལ་དེར་རྒྱུ་རྐྱེན་རྟེན་འབྲེལ་རང་བྱུང་ལྷུན་གྱིས་འགྲིག་པའི་ཤེས་རབ་ཅིག་གིས་ཁེངས་ཡོད། ཤེས་རབ་དེ་ནི་རང་བྱུང་ཁམས་ཆེན་མོས་ཚུར་ལེགས་སྐྱེས་སུ་སྤྲད་པ་གང་ཞིག་ཆུད་ཟོས་ཅི་ཡང་མི་བྱེད་པར་སྐྱེས་ཁམས་དོ་མཉམ་པ་དང་། མུ་ནས་མུ་རུ་འཕེལ་ཅིང་རྒྱས་པར་བྱེད་པའི་གཏན་ཚིགས་ཤིག་ཡིན་ཏེ། གཏན་ཚིགས་འདི་ལྟ་བུས་ལུག་དེས་བསྐྱུར་བའི་གཡང་ཡང་ལེགས་པར་ཉར་འཇོག་བྱེད་ཐུབ་ཡོད། ལུག་ཅིག་བཤས་པ་ལས་མཐོང་ཐུབ་པའི་འཚོ་གནས་ཀྱི་ཤེས་རབ་འདི་ནི་Mགྲོང་གིས་ལོ་ངོ་ཁྲི་སྟོང་གི་རིང་ལ་རང་བྱུང་ཁམས་ཆེན་མོའི་ཕང་བ་ནས་ཚེ་སྲོག་གི་རྒྱུན་མ་ཉམས་མ་ཆད་པར་བསྐྱངས་ཡོང་བའི་ཉམས་མྱོང་ཡིན་ཞིང་། འདི་ལྟ་བུའི་ཤེས་རབ་ནི་Mགྲོང་གི་འཚོ་བའི་ཕྱོགས་ཀུན་ཏུ་མཐོང་ཐུབ་ཅིང་། གྲུ་དང་ཟུར་གང་རུང་ཞིག་ཏུ་ཡང་ང་ཚོས་སྣང་འཇོག་ཙམ་བྱས་ཚེ་འོད་ལམ་ལམ་གྱི་གསེར་རྡོག་ཅིག་དང་མཚུངས་པར་མིག་ནང་དུ་འཚེར་ཡོང་།

Image


Mགྲོང་གི་འཚོ་གནས་ཀྱི་ཤེས་རབ་ནི་བོད་ཀྱི་འབྲོག་གི་རིག་གནས་དང་ཞིང་བའི་རིག་གནས་གཉིས་ལྷན་གཅིག་ཏུ་བསྡུས་བའི་ཉིང་བཅུད་ལྟ་བུར་ཆགས་ཡོད། གོང་དུ་བཤད་ཟིན་པ་ལྟར་ང་ཚོས་འདི་ལྟ་བུའི་རིག་གནས་ལ་འཇམ་གྱི་རིག་གནས་ཟེར།  འཇམ་གྱི་རིག་གནས་ནི་འཚོ་གནས་ཀྱི་ཤེས་རབ་ཅིག་ཡིན་ཞིང་། ཤེས་རབ་འདི་ནི་ང་ཚོས་ད་ལྟའི་བར་དུ་བོད་ཀྱི་ཆོས་ལུགས་ཀྱི་ཤེས་རབ་དེ་དག་ནང་བཞིན་མི་ཚོགས་ནང་གི་བློ་རིག་ཅན་དེ་དག་གིས་ཆེད་མངགས་ཀྱིས་ཡིག་ངོར་བཀོད་ཅིང་། སློབ་སྦྱོང་བྱས། རྒྱུད་འཛིན་བྱས། ཉར་འཇོག་བྱས་མེད་ཀྱང་།   དམངས་ཁྲོད་ཀྱི་མི་ཕལ་བ་དག་གིས་མ་ཉམས་པར་མི་རབས་ནས་མི་རབས་བར་རྒྱུད་འཛིན་བྱས་ཡོང་ཡོད།   དམངས་ཕལ་བ་དེ་དག་གི་འཚོ་གནས་ཀྱི་ཉམས་མྱོང་དང་བློ་རིག་དེ་དག་ལ་ང་ཚོས་ད་ལྟའི་བར་དུ་སྣང་མེད་བྱས་ནས་ཡོང་བའམ་མ་མཐའ་ཡང་དེ་ལ་མཐོང་ཆེན་ཅི་ཡང་བྱས་མེད་པ་འདྲ། ཡིན་ན་ཡང་། ཏག་ཏག་དེ་ལྟ་བུའི་འཚོ་གནས་ཀྱི་ཤེས་རབ་ནི་བོད་ཅེས་པའི་མཐོ་སྒང་གི་མི་རིགས་འདི་རང་བྱུང་གི་ཁོར་ཡུག་གང་གིས་ཀྱང་འཚོ་གནས་ལ་དཀའ་ཁག་ཡང་ཡང་བཟོས་ཡོང་བའི་ཡུལ་གྲུ་ཞིག་ནས་འཚོ་ཞིང་གནས་ཐུབ་པའི་ནང་རྐྱེན་གལ་ཆེན་དེ་ཡིན་པ་རེད། ད་ལྟའི་བར་དུ།  ང་ཚོ་སེན་མགོ་རྣག་དང་སེན་རྟིང་ཁྲག་བྱས་ནས་ཡོང་པའི་ཡུལ་མི་དེ་དག་གིས་གསོས་ནས་ཡོང་པ་ཡིན་སྲིད་ཅིང་།  དེ་དག་གི་ངལ་རྩོལ་གྱི་དཀའ་སྡུག་དང་དེ་དག་གི་ངལ་རྩོལ་གྱི་བློ་གྲོས་ཀྱིས་ང་ཚོ་རྒྱབ་མ་གྲང་ཕོ་བ་མ་ལྟོགས་པར་ཡོང་བ་ཡིན། འདི་ནི་མི་ཡུལ་འདིའི་ཆེས་བབ་ཆགས་པའི་གནས་ལུགས་ཤིག་སྟེ།  རིག་གནས་ཀྱི་མེ་ཏོག་ཡོད་ཚད་ཀྱང་ཆེས་ཕལ་བའི་འཚོ་གནས་ཀྱི་ཞིང་ས་འདི་འདྲ་ཞིག་ནས་སྐྱེས་ཏེ་བཞད་པ་ཡིན། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོས་ད་ནི་མང་པོ་མང་པོ་ཞིག་ཁུར་ཏེ་ཕྱིར་མི་ལྡོག་པའི་ཐག་རིང་དུ་ཁུར་ཚར་མོད། འཚོ་གནས་ཀྱི་ཤེས་རབ་དེ་ནི་ད་དུང་ཡང་མཚམས་མ་ཆད་པར་ང་ཚོའི་ཡུལ་མི་རྣམས་ཀྱི་རྩ་ལམ་དུ་ལྷུང་ལྷུང་འབབ་བཞིན་ཡོད་ཅིང་། ལྷུང་ལྷུང་འབབ་པའི་སྒྲ་དེ་ནི་ང་ཚོའི་ཚེ་སྲོག་གི་བཞུར་སྒྲ་རེད།


Image


ད་ལྟ། ཕལ་ཆེར་གནད་འགག་གི་དུས་རབས་ཤིག་ལ་སླེབས་ཡོད་པ་འདྲ། ང་ཚོ་ད་ནི་ཧོར་འདུག་ཅིག་བྱས་ཏེ་འགྲམ་པ་ལག་པས་སྐྱོར་ནས་བསམ་བློ་ཡག་པོ་ཞིག་གཏང་དགོས་པའི་དུས་ལ་རན་འདུག ད་ནི་བོད་ཀྱི་རིག་གནས་ཀྱི་སྲོལ་རྒྱུན་ཆེན་པོ་གཉིས་ཏེ་སྐྱེས་ཆེན་ཚོའི་རིག་གནས་དང་དམངས་ཕལ་བ་ཚོའི་རིག་གནས་གཉིས་ཀྱི་འགལ་འབྲེལ་སྐོར་ལ་དང་དོད་ཅི་འདྲ་བྱེད་དགོས་པར་བསམ་བློ་རྣལ་མ་ཞིག་གཏང་དགོས་པ་འདྲ། ད་ལྟའི་བར་དུ། ང་ཚོས་བོད་པའི་མི་རིགས་འདི་སྐྱེས་ཆེན་དག་གིས་བསྐྲུན་པའི་རིག་གནས་ཀྱི་དཔལ་ཡོན་དེ་ལ་བརྟེན་ནས་འཚོ་ཞིང་གནས་པ་དེར་ཆེད་དམིགས་ཀྱིས་དྲིལ་སྒྲོག་དང་ངོས་འཛིན་ཡང་ཡང་བྱས་ནས་ཡོང་བ་རེད། ཡིན་ན་ཡང་ང་ཚོས་དམངས་ཕལ་བ་དག་གིས་བསྐྲུན་པའི་འཚོ་གནས་ཀྱི་ཤེས་རབ་དེ་དག་ལ་དང་དོད་ཅི་ཡང་བྱས་མེད་པའམ་བྱེད་པའི་འདུ་ཤེས་ཅི་ཡང་སྐྱེས་མེད་པ་འདྲ། གལ་སྲིད། འདས་ཟིན་པའི་ལོ་ངོ་སྟོང་ཕྲག་གི་རིང་ལ། ང་ཚོས་སྐྱེས་ཆེན་ཚོའི་ཤེས་རབ་དེ་ལ་མཐོང་ཆེན་པོ་བྱེད་པ་བཞིན་དམངས་ཕལ་བ་དག་གི་ཤེས་རབ་ལ་ཡང་མཐོང་ཆེན་པོ་བྱས་ཡོད་ཚེ། མཐོ་སྒང་གི་མི་རིགས་འདི་གོ་ལ་ཟླུམ་པོ་འདིའི་ཡང་རྩེ་ནས་ཡང་ཡང་ཕམ་མི་སྲིད་པ་འདྲ།  གང་ལྟར་ཀྱང་། ད་ལྟ་ང་ཚོར་ཅིས་ཀྱང་འདི་ལྟ་བུའི་སད་རྟོགས་ཤིག་ངེས་པར་དུ་དགོས་ཏེ། དེ་ནི་འཚོ་གནས་ཀྱི་འགྲན་རྩོད་མེ་ལྕེ་ལྟར་འུར་འུར་འབར་བའི་དུས་རབས་འདིར་ད་ནི་འཚོ་གནས་ཀྱི་ཤེས་རབ་ལ་དོ་སྣང་མ་བྱས་ཚེ།  སྔ་འགྱངས་གང་ཞིག་ཏུ་ཕམ་སྲིད་པ་ནི་གཡོལ་ཏུ་མེད་པ་ཞིག་རེད། བསམ་གཞིག་འདི་འདྲ་ཞིག་ལ་གཞི་བཅོལ་ཏེ་བལྟས་ན། ང་ཚོས་ཕལ་ཆེར་ད་ལྟའི་བར་དུ་ཡར་ལ་དགྱེས་ནས་དགུང་སྔོན་གནམ་ལ་བལྟ་ཞིང་།  དེར་གནས་པའི་ལྷ་ཚོགས་ཀྱི་ཞིང་ཁམས་དེར་ཡིད་སྨོན་གྱིས་ལྟ་བའི་མགོ་བོ་དེ་རེ་ཞིག་ལ་མར་སྒུར་ནས། ད་ནི་རྐང་འོག་གི་ས་གཞི་འདི་ལ་ཞིབ་ལྟ་ཞིག་བྱ་བའི་དུས་ལ་སླེབས་ཡོད་པ་འདྲ།  ས་གཞི་ནི་དེ་ལྟར་བརྩེ་བ་ཆེ་ཞིང་གཏོང་ཕོད་ཀྱིས་ཁེངས་ཡོད་ལ།དེར་གནས་པའི་རི་གྲོང་གི་མི་རྣམས་ཀྱང་དེ་ལྟར་འཚོ་གནས་ལ་འཇོན་པ་ཤ་སྟག་རེད། ང་ཚོས་ད་ནི་ཁོ་ཚོར་བློ་ཉེ་བར་བྱེད་པ་དང་ཁས་ལེན་པར་བྱེད་པ། རྗེས་སུ་ཡི་རངས་བྱེད་པ་བཅས་ཀྱི་རྣམ་འགྱུར་ཞིག་བསྟན་ན་འགྲིགདེར་བརྟེན། ངས་རྒྱང་རིང་གི་Mགྲོང་དེ་ནི་མི་ཡུལ་གྱི་ཤེས་བྱ་ཆེན་པོ་ཞིག་ལ་ངོས་བཟུང་སྟེ། ད་ནི་ཤེས་བྱ་དེ་དག་ལས་མཐོང་བའི་ཤེས་རབ་དེ་དག་འདི་ལྟར་ཡིག་ངོར་འགོད་འདོད་ཅིང་། འདི་ཡང་དུས་རབས་ཀྱི་འཕེལ་འགྱུར་བར་ནས་བོད་པའི་སྤྱི་ཚོགས་འཐོར་ཞིག་ཏུ་མི་འགྲོ་བར་མུ་ནས་མུ་རུ་འཕེལ་བའི་རྒྱུ་རུ་འགྲོ་བར་ཡིད་ཆེས་ཡོད།

Image

རྩོམ་པ་པོའི་ཉེ་པར།



Image

关注二维码进行购买

དེབ་ཉོ་ན་བཤེར་རིས་འདི་ལ་དོ་ཁུར་བྱོས།



Image


西藏的孩子  

Image

འོར་ཀློག་དང་བསྐྱར་ཀློག
Image

བརྩམས་སྒྲུང་།

བཀྲ་བྷའི་བརྩམས་སྒྲུང་གསར་པ། ཕ་ཝང་།

རྩོམ་པ་པོ་བཀྲ་བྷའི་སྒྲུང་གཏམ་གསར་པ《མེ》

བཀྲ་ཤིས་ཞེས་པའི་ཁྱི་རྒན་ཞིག་རྗེས་སུ་དྲན་པ། སྒོ་མེ་ཚེ་རིང་བཀྲ་ཤིས

སྒྲུང་ཐུང་ཡིག་བརྒྱ་མ། འཆི་བདག་གི་མིག སྙན་བུ། <སྒྲ་ལྡན།>

Image

སྙན་ངག

ཚྭ་ཡི་སྙན་ངག ལོག་ས་མེད་པའི་མགྲོན་པོ།<ཞར་བཀོད་ལྔ>
འོས་སྦྱོར།  མདའ་བཙན་པོའི་སྙན་ངག་གསར་པ་བདུན།
མདོ་སྨད་ཧེ་རུ་ཀའི་གསར་བྲིས་སྙན་ངག་བརྒྱད།
ཉྭ་སྲིན་པོའི་གསར་བྲིས་སྙན་ངག་གསུམ།
ཐོ་ཡོར་གྱི་གསར་བྲིས་སྙན་ངག་བཞི།
ཁྱོད་ཚོ་ནི་རུས་རྒྱུད་བོར་བའི་རྨ་ཁ་ཡིན་སྲིད། ངལ་རྫི།
༢༠༢༠ལོའི་སྙན་ངག་བདམས་བཀོད། སྙན་བུ།
Image

དཔྱད་རྩོམ།

ཕར་རྒྱབ་ཀྱི་ལོ་ཟླ་དང་འབྲེལ་བའི་གཏམ། བྱ་གཞུང་དབྱངས་བྷ།
ཕར་རྒྱབ་ཀྱི་ལོ་ཟླ་ཡི་གླེང་གཞི། རེ་རྐང་གླིང་།
སྙན་ངག་མི་དང་གངས་རི་ལ་དཔྱད་པ། མདོ་སྨད་ཧེ་རུ་ཀ
Image

ལྷུག་རྩོམ།

ཨ་ཕ་ལགས་ཀྱིས་ང་ལ་རེ་བ་གཉིས་མ་གཏོགས་བཅངས་མ་མྱོང་། སྙན་བུ།
དེ་རིང་ཡང་།ཨ་མ་ལགས་རང་གི་སྡུག་བསྔལ་གྱི་ནང་དུ་ཙོག་འདུག སྙན་བུ།
རྣམ་རྒྱལ་སྒྲོལ་མའི་ལྷུག་རྩོམ་གསར་པ་གཉིས།
གསའ་ནག་པོའི་ལྷུག་རྩོམ། 「རྨོ་མོ་དང་ཁ་བ།」
Image

བསྒྱུར་རྩོམ།

རྩོམ་པ་པོ་ཆེན་པོར་གྱུར་བའི་ལམ་གྱི་རིམ་པ། ཉྭ་སྲིན་པོས་བསྒྱུར།
སཱ་ཐིས་ནོར་པེལ་གཟིགས་བཟོས་དང་ལེན་མ་བྱས་པའི་གསལ་བསྒྲགས།
ཁྱེད་རང་ངོ་མི་ཤེས་པའི་ཡར་སྔོན་དུ། སྙན་བུས་བསྒྱུར།
དོན་དམ་དུ་རྟ་ཕོ་ཡང་མ་ཡིན་ཏེ། ཀ་ལ་པིང་ཀས་བསྒྱུར།

Image


Image

སྤྱི་སྟེགས་ལ་དོ་ཁུར་གནང་རོགས།

  主编微信:INianBu
  主编微博:念布_



Scan to Follow