ཀེའུ་ཚང་གི་སྙན་ངག་ཚན་པ་གསུམ།

gengrang MDC藏文笔记本 2021-03-07 14:35

Image

 

 

    

                 གོས་ཆེན་འབྲུག་མ།    





ནམ་མཁའ་ནི་རྨི་ལམ་ཞིག་སྟེ

སྟེས་དབང་གིས་ཐོབ་འོང་བའི་འབྲུ་མ་དེ་དག་དང་མི་འདྲ་བར

ཆོས་ཉིད་དང་འབྲེལ་བ་ཡོད་པ་ཞིག་གོ  །

ཚེ་སྲོག་གིས་གྲུབ་པའི་ཡིག་འབྲུ་གང་མང་ཞིག་ནི

ཁྱོས་བཤད་པ་ལྟ་བུའི་གནས་ལུགས་དང་བྲལ་འདུག་པ་རྐྱང་བ་ཡིན་ག་ལ་སྲིད།

གལ་ཏེ

གཤིས་ཀྱི་ཚན་ཁ་ལ་མ་ལྟོས་པར

ཕུན་སུམ་ཚོགས་པའི་ལོ་ཏོག་ཅིག་འདོད་ན་ནི་འཁྲུལ་བའོ།   །

བཟོ་ལྟ་གང་མང་ཞིག་གི་ཆེད་དུ

དངོས་པོར་བསླད་བསྲེས་པ་ནི་ཡིན་ལུགས་དང་འགལ་བས

གྱེས་ཕྱག་ལ་གདོང་ལེན་བྱོས།

                      

                                      

        25.5.2020

   


                     

                     

                       སྤུན་ཟླ།





གཤོག་པ་རབ་ཏུ་རྒྱས་པའི་བྱེའུ་ཞིག་ཏུ་གྱུར་འདོད་ན

དུས་ཚོད་ཀྱི་ཐིགས་མ་རེ་རེ་བཞིན་སྙིང་ཉེ་བྱོས

གཤོག་པ་རྒྱས་པར་དུས་ཚོད་དགོས་པས

མི་རྣམས་བདེ་བར་འཇགས་རྗེས

ཁྱོད་ཁོ་ནའི་ངལ་བ་བྱོས་ལ་བདེར་མ་འདུག

ཁོ་ཚོ་ལས་ལྷག་པའི་གཤོག་པ་ཐོབ་དགོས་པས

མཁའ་དབྱིངས་ནས་གཤོག་པ་བརྐྱངས་དེ

འཇིག་རྟེན་ལ་ལྡིང་སྐོར་བྱེད་དུས

ང་ཁྱོད་ཀྱི་ཆེས་ཐོག་མའི་ཞེན་མི་ཡིན

ཕུན་སུམ་ཚོགས་པའི་གཤོག་པ་རྒྱས་དུས

འཇིག་རྟེན་ནི་ཁྱོད་ལ་དབང   ཁྱོད་ཁོ་ནར་དབང་ངེས

                            

 26,5,2020


    

                  

                  དགུ་པའི་མཚན་མོ།





             གཏོས་ཆེ་བའི་ནམ་མཁའི་ཁམས་སུ། མི་ཤོང་བ་ཅིའང་མེད་ཟེར་བ་ནི་ཟེར་སྟངས་ཤིག་རེད། དོན་དུ་ངའི་སྐྱོ་སྣང་དང་མཉམ་དུ་བརྡེབ་པའི་ཡིག་འབྲུ་ཁ་ཤས་ཀྱང་ཤོང་གིན་མི་འདུག དངོས་གནས་མི་འདུག

        མཚམས་རེར། ནང་སེམས་ལྷོད་ལྷོད་དུ་འཇོག་པ་ནི་ཏིང་འཛིན་ལ་གནས་ཚུལ་གཞན་ཞིག་རེད་ཅེས་བརྗོད་ཀྱང་ཆོག་སྟེ། རྙོག་མ་ཆེ་བའི་ཚོར་འདུ་གང་མང་ཞིག་དང་རིང་དུ་བྲལ་འགྲོ་བས་སོ་ཟེར་ན་རེད་འདུག ཏག་ཏག་རེད་འདུག

    ཁེར་རྐྱང་གིས།  ནང་འདྲིས་མ་འདྲིས་ཀྱི་མི་མང་པོ་ཞིག་དང་མཉམ་དུ་སྐད་ཆ་གང་མང་ཞིག་སྦ་གསང་མེད་པར་ལྷོད་པ་ནི་སེམས་ཀྱི་རི་ཤན་བྱེད་སྟངས་ཤིག་སྟེ། སྣ་ཚོགས་ཀྱི་ཚོར་འདུ་དེ་དག་ཕྱི་རོལ་ཏུ་ཕུད་རྗེས་རང་ཉིད་དྭངས་གཙང་ཞིག་ཏུ་གྱུར་འགྲོ་བར་སེམས་པས་སོ་ཟེར་གིན་འདུག  དེ་ར་བདེན་ནི་འོས་རེད། 

    རི་བོ་དང་གཙང་བོ། ཡོད་ཚད་ངའི་དབང་དུ་བསྒྱུར་དུས། ང་ནི་འཇའ་འོད་ཀྱི་ཐག་སྣེར་མཇལ་བའི་སྦྲང་མ་སྡོམ་པོ་ཞིག་སྟེ། མཛེས་པ་དང་བདེ་སྐྱིད་དག་དང་བྲལ་ནས་ཡོད་ཨང་།    


1.25.2021




                         



Love Story