[འོས་སྦྱོར།] ཁྲག་གདོང་གི་སྙན་ངག

gengrang MDC藏文笔记本 2021-07-11 18:28



Image

Image

                

    

ཁྱེད་ནི་ཅི་འདྲའི་དྲན་སླ་ཨང་།


རྨི་ལམ་གང་མང་རྨིས་ཏེ་ཚོར་འདུ་རྒྱས།།

མཚན་མོ་རེ་རེ་བརྒལ་ནས་རྨིས་མྱོང་ལ།།

སྨིན་དྲུག་སྐར་མ་མཐོང་དུས་ལྷག་པ་རུ།།

དྲན་པའི་གཏིང་དུ་ཟུག་པ་ཅི་འདྲ་ཡང་།།

དེ་བས་མཐའ་མེད་སྲིད་པའི་གོམ་རིམ་ལ།།

ཉིན་དང་མཚན་མོ་དབྱེ་བ་མེད་པ་དྲན།།

དྲན་པའི་ལྷན་དུ་གདུང་བ་མཐའ་མེད་པ།།

ཡང་ཡང་དྲན་ན་ཡང་ཡང་སྐྱོ་དོན་ཞིག།

ངག་གི་ལྷན་ཐབས་ནང་དུ་སྙིང་པོ་ཚོགས།།

བཏང་སྙོམས་ཚིག་ལ་མ་འབྲེལ་ང་ལ་ཞེན།།

ང་ཡི་གློ་སྙིང་གསེང་དུ་ཡུན་རིང་ཆགས།།

སྣང་བརྙན་རིང་མོ་ཞིག་དང་འདྲ་བ་ཨང་།།


བསླུ་བྲིད་སྒྱུ་མའི་གྲོང་དུ་མཐའ་ཡས་པའི།།

ཡིད་ལ་མངོན་དུ་དགའ་བ་ཆོ་འཕྲུལ་རེ།།

འགྱུར་ལྡོག་བན་བུན་ནང་གི་དཀར་ནག་ལས།།

འདྲིས་ཤིང་ཡུན་དུ་ཆགས་པ་སླར་ཡང་དུ།།

ང་ལ་དབང་བ་མ་བྱུང་ཉམས་ཀྱི་མགུར།།

ནར་སོན་རྒྱུན་རིམ་དེ་ལས་ཚོར་རྟོག་ནི།།

དྲན་ཤིང་ཡངས་མོ་ཞིག་གི་དབུ་བཟུང་དོན།།

སྐྱོ་ལ་གདུང་བ་འདྲེས་པའི་ངག་སྨྲ་དེས།།

སེམས་པ་སེམས་ལ་མ་ཤོང་དལ་བུ་རུ།།

འཕྲུལ་གྱི་ཟླ་བའི་འོག་ནས་གློ་བུར་ངང་།།

དྲན་པ་ཚོད་ཅིག་བྲལ་བ་བག་ཕེབས་པའི།།

འཚོ་བའི་རླབས་ཀྱི་རི་མོ་སེམས་སུ་མངོན།།


            2021 6 28 མཚན་གུང་དུ་བྲིས། 


དྲན་རྟོག་རང་ཡན་མ།


དྲན་རྟོག་རིང་ཡང་ཐུང་ཡང་འཆར་སླ་བས།།

འདས་པའི་ལོ་ཟླའི་གཟུགས་བརྙན་ཞེ་རུ་མངོན།།

སྐྱོ་ལ་དངན་པ་འཐེན་བཞིན་ཡིད་འོང་ཞིག།

མཐོང་བ་པད་མའི་ཆུ་ལས་མཇལ་ཐེངས་མང་།།


དྭངས་མོའི་ཤེལ་གྱི་མདོག་ལ་སྐྱོ་གར་འཁྱུད།།

ལས་མཐུན་ཟླ་བའི་འཛུམ་ཞལ་དྲན་མ་ཐག།

ཐོལ་བྱུང་དགའ་བ་ཚོགས་ལ་སྒྱུ་འཕྲུལ་གྱི།།

པི་ཝང་མངོན་པ་དགའ་བ་ལས་ཀྱིས་མཇལ།།


ཞོགས་པའི་མཐོང་བ་རབ་རིབ་སྒྲིབ་པ་དབེན།།

སྒེའུ་ཁུང་སྔོན་ནས་ཚོར་བྱུང་རླབས་རིས་རྒྱུད།།

ངག་ཏུ་ཐོགས་པ་སྲིད་པའི་སྙན་དབྱངས་ཤིག།

ལས་སྐལ་སྨོན་ལམ་གཅིག་གི་ཟུར་དུ་འཁྱིལ།།


དམིགས་མེད་བརྟེན་གྱི་ཡུལ་ལ་ཆ་མཉམ་པ།།

འཁྲབ་གཞུང་བསིལ་བ་ཐོགས་པ་ཅི་ཡང་རེག།

སྨུག་པ་ལང་ལོང་བཞིན་དུ་མཛེས་སྡུག་བཀྲ།།

ཟོལ་མེད་འགྲོས་ཀྱི་རིམ་པ་ལས་ཀྱིས་མྱོང་།།


ནང་སེམས་ཚལ་དུ་བཞད་པ་པད་མའི་འབྲུ།།

གཡུ་སྦྲང་འཁོར་ལྡིང་བྱེད་ནས་མ་བཅོས་པ།།

བརྩེ་བའི་བཅུད་དང་ཡང་སྙིང་དང་དུ་ལེན།།

ནམ་ཡང་དྲན་པའི་གཏིང་དུ་ཡང་ཡང་རྡོལ།།


ལྗོན་པའི་ཚོགས་སུ་རི་དྭགས་སྣ་ཚོགས་འདུ།།

མཐའ་ཡས་ཀློང་དུ་ངག་གི་བརྩེ་བ་ཆགས།།

སྙིང་དུ་སྡུག་པའི་དྭངས་གཙང་གཞིས་ཁྱིམ་ལ།།

བརྒྱ་ཕྲག་བརྒལ་བའི་ཡིད་འོང་ད་དུང་འཁྱིལ།།


བས་མཐའི་འཕྲིན་པ་ནང་དུ་ཐ་སྙད་འཚང་།།

ཡིད་མཐུན་ལྷ་མོའི་ངག་སྨྲ་ཡིད་དུ་བཏེགས།།

དོན་དུ་ཅི་ཞིག་ཡིན་པ་ཚོར་བས་བསྐྱོམས།།

མི་རྟག་སྤྲིན་པ་ཐར་ཐོར་སེམས་སུ་གསལ།།

 

              2021 7 4 ཕ་ཡུལ་ནས།


ཟླ་བ་ལྷ་མོའི་འཛུམ་ཞལ། 


ནམ་ཟླའི་འཕྱོང་རྒྱས་ཤིག་གི་བར་གསེང་དུ།།

བསིལ་གྲིབ་ཡང་ཡང་ལྡང་བ་ལས་ཀྱིས་རེག།

སྣ་ཚོགས་སེམས་ཀྱི་སྣང་བ་གང་ཤར་མ།།

ལྷིང་འཇགས་ནང་གི་འཛུམ་པའི་ཞལ་རས་དེ།།

མ་བཅོས་ཡིད་འོང་ཁྲོད་དུ་ལྷག་པར་གསལ།།

དྲན་པའི་གཏིང་དུ་མེ་ཏོག་རྐང་གཅིག་ཡིན།།


སྒེའུ་ཁུང་ཡོལ་བ་ཕྱི་ནང་གཉིས་ཀྱི་མཚམས།།

ཤེལ་དཀར་མེ་ལོང་ངོས་སུ་ཟླ་བའི་རླབས།།

མཐོང་བ་ལན་གཅིག་མིན་པ་ཇི་སྙེད་ཅིག།

ཚོར་བྱུང་ཟླ་བའི་འཛུམ་པ་གསལ་ལེར་མངོན།།


སྨོན་ལམ་བརྒྱ་དང་སྟོང་གི་རྣམ་སྨིན་ཞིག།

ཡིད་ཀྱི་དབུས་སུ་མངོན་དུས་སུ་ཞིག་དྲན།།

དྲན་པ་ཆུ་མིག་དགུ་སྒྲིག་མཛེས་ཤིང་སྡུག།

ཟླ་བ་ལྷ་མོའི་འཛུམ་ཞལ་ཡང་ཡང་འཁོར།།

སྲིད་པའི་དཔང་དུ་བཞད་པ་ལན་འདི་ལ།།

རྣམ་དག་ཚིག་གི་འདབ་མ་ཡིད་དུ་བཞད།།


ངག་རིག་སྣ་ཚོགས་དཀྲོལ་ནས་དེ་རིང་སྟེ།།

ཉམས་ཀྱི་འགྱུར་ཁུག་དྲོན་མོ་གང་ལ་དཀྲོལ།།

ཞེ་སྙིང་གཏིང་དུ་དཀྲུགས་པའི་སྣང་བ་ལ།།

སྨིག་དྲུག་ཇི་བཞིན་འཛོམས་པ་ང་ཡིས་སྨོན།།


            2021 6 25 རང་ཤག་ནས།


                        

Love Story