རིང་ལུགས་གསར་མ་ཚང་གི་སྤེལ་ཐེངས་དགུ་པ།

gengrang MDC藏文笔记本 2021-06-25 14:47

Image

Image

ལོ་གཞོན་པའི་སྣང་བ།


                   བོད་དུང་པ།


ལོ་ཉི་ཤུའི་སྣང་བ་མེད་དུས་ལ།།

ཆུང་བྱིས་པའི་ན་ཚོད་དགུང་ལས་མཐོ།།

ནང་བསམ་པའི་ལོངས་སྤྱོད་ཆུ་བས་དྭངས།།

གོས་སློག་ཧྲུལ་གྱོན་པའི་འབྲོག་པ་སྐྱིད།།


ལོ་གཞོན་པའི་རིག་པ་གསལ་ཞིང་གྲུང་།།

སེམས་གཞན་ལ་མ་འཁྲེང་རང་ཡུལ་གནས།།

གྲོང་རྒན་པོའི་ཚེ་མཐའ་རྫོགས་པར་ལྟོས།།

ཁྱོད་ཨ་ཁུ་བགྲེས་པོའི་ཤུལ་འཛིན་ཡིན།།


སེམས་ན་ཆུང་དགོངས་ལོ་ན་ཆུང་ཡིན།།

ནང་ཉམས་རྟོགས་གཞོན་པས་གཞོན་ནུ་ཡིན།།

གཞོན་ལང་ཚོ་ཕ་སྐད་སྲུང་བར་བརྩོན།།

ཕ་དབུས་ལམ་ཅན་པོའི་རྒྱུད་འཛིན་རེད།།


ལུས་རྩལ་དྲུག་འཛོམས་པའི་བྱིས་པ་ཁྱོད།།

ཕ་སྲོང་བཙན་དཔའ་བོའི་རིང་ལུགས་ཡིན།།

མ་ཝུན་ཤིང་ཀོང་ཇོའི་སྐྱེ་རབས་ཡོད།།


Image

སྣང་ཚོར་རོ་བརྒྱ་མའི་དྲན་པ།


                   བོད་སྙུག་འཛིན།


མཁའ་རུ་ཉི་འོད་གུར་ཕུབ་ཚ་བའི་ལུས་ཡོངས་རབ་ཏུ་བརླན།།

བར་དུ་སྤྲིན་ཚོགས་འཕུར་ལྡང་གཞོན་ནུ་མཛེས་པའི་རོལ་རྩེད་བཞིན།།

ས་རུ་ཁྱེའུ་ཁ་སྨིན་མས་ས་འཛིན་མུ་མེད་མཐས་ཡས་ཏེ།།

སྔོ་བསངས་གཡུ་ཡི་ལྗོན་བཟང་ཐང་ལ་བབས་དང་ཡེ་ནས་མཚུངས།།


སྲེད་འཛིན་འཁོར་བའི་གནས་སུ་སྐྱེ་བ་ད་ཐེངས་ཞབས་རྗེས་ཤིག །

མ་རིག་སེམས་ཀྱི་གདུང་བ་མི་མཐོང་དབང་ལྔའི་མིག་གིས་ནི།།

འཁྲུལ་སྣང་ལས་ཀྱིས་བསྐྱེད་པའི་དུས་བཞིའི་འགྱུར་ལྡོག་མཐོང་བ་འདི།།

རང་སྣང་འཁྲུལ་བའི་སེམས་སུ་བདེ་སྡུག་ཚོགས་ཀྱི་ལན་ཆགས་མཆིས།།


འོག་མིན་དག་པའི་གནས་དང་སྙན་མཁས་དབྱངས་ཅན་མ་མ་ཡི།།

ལག་ཐོགས་པི་ཝཾ་ཚོགས་དག་བདག་གི་རྣ་བས་མི་ཚོར་ཡང་།།

འཇིག་གྲོང་རྣ་བར་འཇེབས་པའི་སྐད་གདངས་ཚོགས་དང་ཡིད་ཀྱི་གཤིས།།

བདག་ཚོར་བདག་མྱོང་ཚོར་བའི་དམིགས་འབེན་རབ་ཏུ་ཕྱུག་པར་གྱུར།།


Image



           

  ཨ་མ་རྗེ་བཙུན་སྒྲོལ་མ།


                               སྨོན་དུང་ཁྲག


ནགས་ཁྲོད་སྙན་འཇེབས་དབྱངས་འགྱུར་རབ་བཏེགས་པའི།།

བྱ་བྱེའུ་མགྲིན་སྒྲ་ཁུར་བའི་དབྱངས་ཅན་མ།།

སྙིང་གཏམ་ཚིག་ལ་བསྟར་བའི་སྐད་ཅིག་ལ།།

བདེན་པའི་དངོས་གྲུབ་ཐོབ་པར་སྐྱིད་ཅིག་ཡོད།།


བྱམས་བརྩེའི་ནུས་མཐུ་སྦྲང་ཆར་ཟིལ་མ་བཞིན།།

ཕྱི་ནང་ཀུན་ལ་ཐིམ་པའི་དུས་རེ་རེར།།

དྲོད་ཁོལ་ཁུང་ནས་བརྡོལ་བའི་སྐད་ཅིག་མ།།

དབྱར་ལྗོངས་མེ་ཏོག་འབུས་པའི་རྣམ་པར་ཆགས།།


རེ་བའི་མིག་ཟུང་ནམ་མཁའི་ཟླ་བ་བཞིན།།

ལམ་གྱི་རིང་ཐུང་ཀུན་ལ་སྨིན་ནས་ཡོད།།

རང་ལུས་འབེན་ལ་བཞག་ནས་ང་བསྐྱང་ཚུལ།།

གླེང་ན་ལོ་རྒྱུས་གླེགས་བམ་པོད་ཕྲེང་ཅན།།


སེམས་པས་ང་རང་ཁུར་ནས་མི་ཚེ་སྐྱེལ།།

ཤ་རུས་ངའི་ཆེད་ཟད་པའི་རྣམ་ཐར་བསྐྱངས།།

གཡོག་པོའི་བརྟུལ་ཞུགས་འཛིན་པའི་དྲིན་མོ་ཆེ།།

བསམ་ཞིང་བསམ་ན་ཁྱེད་ལས་ལྷག་པ་གང་།།


དུས་ཀྱི་ཕྱིར་མིག་འཕེན་སའི་ལོ་ཟླའི་ཁྲོད།།

གྲང་ངར་ལག་པས་བཟུང་ཞིང་དྲག་ཆར་དག།

དབུ་སྐྲ་སིལ་སིལ་གཡོ་བས་གདོང་ལེན་པ།།

བསམ་ཞིང་བསམ་ཀྱིན་སེམས་པ་ལྷོག་ལྷོག་ཁོལ།།


འཛུམ་གྱི་ཕག་ན་དཀའ་བ་སྟོང་ཕྲག་ཡིབ།།

སྐད་ཆའི་གསེབ་ན་རྫུན་གྱི་གཏམ་རྒྱུད་མང་།།

ལུས་ཀྱི་སྙེ་མ་སྒུར་སོགས་ངང་ཚུལ་དག།

དོན་དམ་ངའི་ཆེད་ཡིན་པ་སུས་མི་རྟོགས།།


བྱ་བཞག་རེ་རེའི་སོ་ཁ་རེ་རེ་ན།།

ང་ལ་དབང་བའི་བདེ་སྐྱིད་རེ་རེ་ཡོད།།

སྐྲ་དཀར་གཉེར་མའི་སྲུབ་ཁ་རེ་རེ་ན།།

ང་ལ་གནང་བའི་སྤྲོ་བ་རེ་རེ་ཡོད།།


སེམས་ཀྱི་ཟབ་སར་ཐིམ་པའི་བདུད་རྩི་ཞིག།

དྲན་པའི་ཉེ་སར་ཆགས་པའི་ཕོ་བྲང་ཞིག།

རྨི་ལམ་དབུ་ཁྱུད་བསྐྲུན་པའི་ལྷ་མོ་དེ།།

ང་ཡི་མ་ཡུམ་རྗེ་བཙུན་སྒྲོལ་མའོ།།

                     

Peaches

Scan to Follow