དྲག་རྩལ་གྱི་རྩོམ་ཡིག་ཚན་པ་གཉིས་འོས་སྦྱོར།

Zhezha MDC藏文笔记本 2021-08-26 13:01
In My Secret Life

Image

Image


ཁོའི་ཉིན་གཅིག        ༼བརྩམས་སྒྲུང་།༽

                                                -དྲག་རྩལ།    

       


       མཛེས་ཁོག་གི་ནམ་མཁའ་ནི་དག་ཅིང་གཙང་ལ་ཁོ་ར་ཁོར་ཡུག་ཀུན་ནས་སྔར་ལས་ལྷག་པའི་བཀྲག་མདངས་ཤིག་མངོན་འདུག རུ་སྐོར་འདིར་ཕལ་ཆེར་དུད་ཁྱིམ་བཅུ་ཁ་ཞིག་ཡོད་ལ། དུད་ཁྱིམ་རེ་རེའི་ཁང་ཀླད་ནས་སྔོ་ལྷོག་ལྷོག་གི་དུ་བ་འཕྱུར་ཀྱིན་འདུག་པས་ཡུལ་ལུང་འདིར་སྔར་ལས་ལྷག་པའི་མཛེས་སྡུག་བླ་ལྷག་ཅིག་བསྐྲུན་འདུག ཁྱིམ་ཚང་རེ་རེའི་མཐའ་འཁོར་གྱི་གནས་གང་རུང་ན་སླས་ར་རེ་ཡོད་ཅིང་། བཞོན་མ་སྐོར་རེས་སླས་ར་ནས་ལས་ཀ་ཚགས་ཏེ་ཕན་ཚུན་བར་དགོད་ཁ་རྩེ་ཞོར་རང་རང་གི་ཁྱིམ་ཚང་གི་ཕྱོགས་ལ་བུད་སོང་། འདི་ནི་དངོས་གནས་མཚར་སྡུག་རྣམ་པར་བཀྲ་བའི་དབྱར་གཞུང་གི་ཞོགས་པ་ཞིག་རེད།

       ཁོ་ད་དུང་ཡང་མལ་གདན་འཇམ་པོའི་ཁུག་ན་འགྲེ་ལྡོག་རེ་རྒྱགས་ཀྱིན་ཉལ་ནས་འདུག་གཉིད་འདང་ཡོད་ན་འང་ཕར་བལྟས་ཚོད་ཀྱིས་ཡང་བསྐྱར་སྐྱིད་པའི་རྨི་ལམ་ཞིག་ལ་རོལ་འེ་ཐུབ་ཀྱི་རེ་བ་བྱེད་ཀྱིན་པ་འདྲ། ཅུང་ཙམ་འགོར་རྗེས་ཁོའི་ཨ་མ་ལགས་ཀྱིས་སླས་རའི་ནང་གི་བྱ་བ་དག་ལས་ཚར་ཏེ་ཁང་སྒོ་ཕྱེས་ནས་ནང་དུ་འཛུལ་ཡོང་། ཨ་མས་ཐེངས་དུ་མར་ཁོའི་མིང་ནས་བོས་དེ་ཡར་ལོངས་ཞེས་ཟེར་ཀྱིན་འདུག ཡིན་ནའང་ཁོའི་གདོང་ལ་ཧ་ཅང་མི་འཐད་པའི་ཉམས་ཤིག་མངོན་ཀྱིན་ཡང་བསྐྱར་འགྲེ་ལྡོག་རེ་རྒྱགས་ཡོང་། ངས་བལྟས་ན་ཁོ་ནི་དངོས་གནས་མི་སྒྱིད་ལུག་ཅིག་རེད། ཡུད་ཙམ་ལ་ཨ་མས་ཀྱང་འབོད་འཚམ་བཞག་སོང་། ཁོ་མ་འདུས་པའི་བཟའ་མི་གང་བོའི་གཏུལ་མ་རེ་ཟ་གྱིན་འདུག འོན་ཀྱང་ཁོ་ད་དུང་ཡང་སྔར་ལྟར་འགྲེ་ལྡོག་རེ་བྱས་ནས་འདུག ཁྱིམ་མི་ཚོས་ཁ་བརྡ་ཉག་ཉོག་རེ་བྱེད་པ་ཁོས་གཉིད་འོག་ནས་ཀྱང་ཆད་ཆོད་རེ་གོ་ཀྱིན་འདུག 

     ཕལ་ཆེར་དུས་ཚོད་བཅུ་བར་སླེབས་ལ་ཉེ། ཁོས་ལག་གཉིས་ཀྱིས་མིག་ཕུར་ཕུར་བྱེད་ཀྱིན་ཉལ་གདན་ལས་མགོ་བཀྱགས་བྱུང་། ཁོས་མགོ་བཀྱགས་ཏེ་ཡུད་ཙམ་བསམ་བློ་བཏང་རྗེས་གཞི་ནས་བསམ་ཤེས་པ་ལྟར་མྱུར་མོར་རྐང་སྣམ་གྱོན་ཞིང་སྟོད་ཐུང་རྒྱབ་ལ་གཡུག་ཙམ་བྱས་ནས་ལྕོག་ཆུང་དེའི་སྒོར་བུད། 

     ཁོ་ཇ་ཁང་དུ་སླེབས་རྗེས་ཨ་ཕ་སྔ་མོ་ནས་ལས་ཀར་སོང་ཟིན། ཨ་མ་པུས་མོར་འགྲོ་རྒྱུར་གྲ་སྒྲིག་བྱས་ནས་འགྲོ་ལ་ཉེ། ཨ་ཕྱི་ལགས་ཀྱིས་“ཇ་ད་དུང་ཚ་མོ་རེད། གཏུལ་མ་ཞིག་ཟོས་ན་ལུས་པོར་བཟང་་་་་་་་་"ཟེར། 

      འོན་ཀྱང་ཁོས་"ངས་ནངས་ཇ་འཐུང་ན་མི་འདོད་གི་་་་་"ཟེར་བཞིན་གཞོག་ཅིག་ནས་ས་ལ་བསྡད་སོང་། 

       དེ་རིང་གི་མཁའ་དབྱིངས་སུ་སྤྲིན་པ་བྱེའུ་མགོ་ཙམ་ཡང་མེད་ལ། ཚ་ལམ་ལམ་གྱི་ཉི་འོད་ཅིག་གིས་ས་འཛིན་སྒེག་མོ་གསེར་འོད་ལྡན་པ་ཞིག་ཏུ་བསྒྱུར་ཞིང་མེ་ཏོག་སེར་ཆེན་གྱིས་གསེར་འོད་དེ་སྔར་ལས་བཀྲག་མདངས་ལྡན་པ་ཞིག་ཏུ་བྱས། ཁོ་ཚང་གི་སྒོ་ཁ་ན་ད་ནངས་ཨ་མས་བཞག་པའི་པུས་མོ་ཁྲ་ཁྲ་ལམ་ལམ་དང་ཕྱུར་བ་ཉུང་ཙམ་རེ་ཡོད་ལ། ད་དུང་འཕྲུལ་རྟ་རེ་དང་། ཉི་གློག་གི་ཤེལ་ལེབ་རེ་འང་ཉི་མར་བཞག་འདུག ཁོའི་ལག་གཡས་སུ་གདུགས་སེར་ཁྲ་ཞིག་བཟུང་ཞིང་ཅིག་ཤོས་སུ་སྟན་འགའ་བཟུང་སྟེ་ཁང་སྒོར་བུད་བྱུང་། ཁོའི་དལ་ཞིང་སྒྱིད་ལུག་པའི་གོམ་པ་དེ་ར་བའི་དཀྱིལ་དུ་རྒྱུན་པར་དྲང་མོར་འགྲེང་བའི་གདུགས་ཡུའི་ཕྱོགས་སུ་བསྒྱུར། ཁོས་ཅུང་ཆེ་བའི་གདུགས་དེ་གདུགས་ཡུ་རུ་བརྟན་པོར་བཅིངས་རྗེས་གྲིབ་མའི་གནས་སུ་སྟན་དག་བཏིངས་སོང་། སྐབས་དེར་ཁྱིམ་ཚང་གང་བོར་ཁོའི་ཨ་ཕྱི་དང་ཚ་མོ་མ་གཏོགས་ཚང་མ་ལས་ཀར་སོང་ཟིན། ཁོ་ཡང་བསྐྱར་ཁྱིམ་དུ་འཛུལ། 

 སྐར་མ་འགའ་ལས་མ་འགོར་བར་ཁོའི་ལག་ཏུ་《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ།》སྟེ། རྒྱལ་མོ་འབྲུག་པས་བརྩམས་པའི་དཔེ་དེབ་དེ་དང་འབྲི་དེབ་སེར་པོ་གཡས་སུ་སྣུམ་སྨྱུག་འབྱར་ཡོད་པ་ཞིག་བཟུང་ནས་སྒོར་བུད་ཡོང་། ཁོའི་རྗེས་སུ་ཁོའི་ཨ་ཕྱི་དང་ལོ་གཅིག་ཟླ་བ་ཁ་ཤས་ལས་མེད་པའི་ཚ་མོ་ཆུང་ཆུང་གཉིས་ཀ་ཡང་བུད་ནས་ཚང་མ་གདུགས་ཀྱི་ཕྱོགས་སུ་སོང་། ཁོ་ཚོ་ཚང་མ་བེའུའི་ཀོ་བས་བྱས་པའི་གདན་ཐོག་ཏུ་བསྡད་ཅིང་། ཨ་ཕྱིས་གཡས་ལག་ཏུ་འཁོར་ལོ་བསྐོར་ཞིང་གཡོན་ལག་གི་ཕྲེང་བ་ཡང་དེ་དང་མཐུན་པའི་འགྲོས་ཀྱིས་བསྒྲེངས་ཀྱིན་འདུག ཁོས་དཔེ་དེབ་ཀྱི་ཁ་བསྒྱུར་དེ་བོད་ཀྱི་རྒྱལ་རབས་རིམ་བྱོན་གྱི་ལོ་རྒྱུས་ལ་བལྟ་ཀྱིན་འདུག་ལ། ཞོར་དུ་འགྲམ་ན་བཞག་པའི་འབྲི་དེབ་སེར་པོ་དེ་པང་དུ་བླངས་ནས་ཟིན་བྲིས་རེ་འང་འདེབས་ཀྱིན་འདུག ཁོའི་སློབ་སྦྱོངས་བྱེད་སྟངས་ལ་ཧ་ཅང་ནན་ཏན་གྱི་ཉམས་ཤིག་མངོན་འདུག་མོད། འོན་ཀྱང་ཚ་མོ་ཆུང་ཆུང་དེས་ཁོའི་འབྲི་དེབ་ཀྱི་སྣེ་ནས་འཐེན་ཞིང་སྣུམ་སྨྱུག་འཕྲོག་རྩིས་སོགས་བྱེད་པས། འདི་ལྟ་བུའི་ནན་ཏན་གྱི་རྣམ་པ་འང་ཡུད་ཙམ་རེ་མ་གཏོགས་རྒྱུན་འཁྱོངས་མི་ཐུབ། ཅུང་ཙམ་འགོར་རྗེས་ཁོ་རང་ཡང་བསྐྱར་ཁྱིམ་དུ་འཛུལ་སོང་། སྒོར་བུད་དུས་ཁོའི་ལག་ཏུ་ཀུ་ཤུ་ཁ་པར་ཞིག་དང་སྒྲ་སྒམ་ནར་མོ་ཞིག་ཀྱང་བཟུང་འདུག ཁོའི་ཁ་པར་དང་སྒྲ་སྒམ་གཉིས་སོ་སྔོན་གྱིས་འབྲེལ་རྗེས། ཁ་པར་གྱི་ཚོད་འཛིན་ལ་བརྟེན་ནས་སྒྲ་སྒམ་ལས་དྭངས་ཤིང་རྣར་འཇེབས་པའི་གླུ་དབྱངས་སྙན་མོ་རེ་གྲགས་ཤིང་། སྐབས་རེར་ཁོས་ཀྱང་ཁ་པར་ལས་མཐོང་ཐུབ་པའི་གླུ་ཚིག་ལ་བརྟེན་ནས་གླུ་དབྱངས་དང་འགྲོས་མཐུན་པའི་མཉམ་ལེན་བྱེད། ཁོ་ཚོས་འདི་ལྟར་དུས་ཚོད་བཅུ་གཉིས་ལ་ཅི་ལྟར་སླེབས་པ་འང་ཤེས་མ་སོང་། 

       ཉི་མས་ཚ་ཟེར་གདུགས་ཀྱིས་ཀྱང་མ་ཁོག་པར་ལུས་ཡོངས་དྲོད་ལམ་ལམ་དུ་བཏང་། ཁོ་ཁྱིམ་དུ་འཛུལ་ནས་ཡུན་རིང་ཙམ་འགོར་སོང་ལ། ཁོ་ཚང་གི་ཁང་ཀླད་ནས་དུ་བ་འཕྱུར་ནས་ཀྱང་ཅུང་འགོར་སོང་། ཡུད་ཙམ་ནས་ཁོའི་ལག་གཉིས་ཀྱིས་བ་མ་ཞིག་ལ་འཇུས་ཏེ་སྒོར་བུད། བ་མའི་སྟེང་དུ་ཅ་ནེ་འགའ་དང་མར་བསྡུས་པའི་ཟེའུ་ཆུང་ཆུང་ཞིག་ཀྱང་བཞག་འདུག ཁོས་ཨ་ཕྱིའི་མདུན་དུ་བ་མའི་ཁ་ཕྱེ་དུས་དེ་ལས་རླངས་པ་ལྷོག་ལྷོག་ཏུ་འཕྱུར་ཡོང་། མ་གཞི་བ་མའི་ནང་གི་ཟས་རིགས་ནི་གོ་རེ་ཡིན་འདུག ཁོས་ཅ་ནེ་རེ་རེའི་ནང་དུ་གོ་རེ་གཉིས་གསུམ་རེ་བཞག་རྗེས་ཨ་ཕྱིའི་ལག་ལ་གཏད་སོང་། ཨ་ཕྱིས་ཀྱང་ཅི་ཞིག་ཧ་གོ་བ་ལྟར་ཅ་ནེའི་ནང་དུ་མར་འཕང་ཞིང་། ཁོ་ཚོས་ཉི་འོད་ཀྱི་དྲོད་འཇམ་འོག་ནས་དངོས་གནས་མངར་ལ་ཞིམ་པའི་དྲོས་ཇ་ཞིག་འཐུང་སོང་། 

     ཉིན་གཅིག་ཅི་ལྟར་འདས་པ་དངོས་གནས་མི་ཤེས། དུས་ཚོད་ནི་སྐད་ཅིག་གིས་བཞུར་འགྲོ། ཟ་མ་ཟོས་ཚར་རྗེས་ཚ་མོ་གཉིད་དུ་ཡུར་སོང་། ཁོ་ཡང་འཁྱར་འཁྱོར་ངང་སོང་སྟེ་བཅའ་ལག་དག་ཁྱིམ་དུ་བསྡུས་རྗེས་སྟོད་ཐུང་ཞིག་བཟུང་ནས་འདུགས་འོག་ཏུ་སླེབས་བྱུང་། སྐར་མ་འགའ་ལས་མ་འགོར་བར་ཁོ་འང་གདུགས་འོག་ནས་གཉིད་དུ་ཡུར་སོང་། 

    དུས་ཚོད་ཅི་ཙམ་འགོར་བ་མ་ཤེས་མོད། རླུང་དམར་ཞིག་གིས་ཁོའི་གཉིད་དཀྲོགས།

    ཁོས་ས་ལྟ་ཡུལ་ལྟ་ཞིག་བྱས་ཏེ་ཨ་ཕྱི་ལ།"ཆར་བ་འབབ་ན་ཐང་གི་་་་་་ང་ཚོས་པུས་མོ་དང་གོན་རྒྱུ་དག་ཁྱིམ་དུ་བསྡུ་འམ་ཅི་བྱ།" ཨ་ཕྱིས་"མྱུར་མོར་བསྡུས་ན་བཟང་འདུག་་་་་་་་ཆར་བ་ཅུང་མི་འགོར་བར་འབབ་རྒྱུ་རེད་་་་་་"ཟེར། ཁོས་མྱུར་མོར་བསྡུ་དགོས་པ་ཚང་མ་ཁྱིམ་དུ་བསྡུས་ཟིན་ཞིང་། ཁ་པར་ཕྱེས་ཏེ་དུས་ཚོད་ལ་བལྟ་དུས། དུས་ཚོད་སྔ་མོ་ནས་བཞི་དང་ཕྱེད་ཀར་སླེབས་ཟིན། ཁོས་དུས་ཚོད་འདིར་བེའུ་འདོག་དགོས་པ་ལོས་ཤེས། ཡིན་ཡང་ཆར་རྗེས་ལ་སྒུག་རྒྱུ་ལས་ཐབས་མི་འདུག་པས་ཁོས་སྒོ་བརྒྱབ་སྟེ་ཁྱིམ་དུ་འཛུལ་སོང་། 

     དུས་ཚོད་ཕལ་ཆེར་ལྔ་པར་སླེབས་ཟིན། ཡིན་ཡང་ཆར་བ་སྔར་བཞིན་འཚམ་མི་འཇོག ཅུང་འགོར་རྗེས་ཁོ་ཡར་ལངས་སྟེ་སྒོར་འབུད་མགོ་བརྩམས་ལ། ཁོས་ཆུ་ལྷམ་ཡུ་རིང་དེ་རྐང་པར་གྱོན་ཞིང་ཆུ་ལྭ་དེ་འང་རྒྱབ་ལ་གྱོན་སོང་། མཇུག་མཐར་མགོ་ལ་ཞྭ་ནག་པོ་ཞིག་གྱོན་ནས་སྒོར་བུད། བེའུ་དག་ར་བའི་ནང་དུ་བཙུད་ཚར་རྗེས་རེ་རེ་རང་གནས་སུ་བཏགས་ཤིང་། དེ་ནས་ཡ་རུ་གཅིག་ཡོད་པ་དེ་བཙལ་དུ་སོང་། ཡ་རུ་ཨ་ནེ་ལགས་ཀྱིས་མོ་ཚང་གི་སླས་སུ་བཏགས་འདུག ཁོས་གཡོན་ལག་ཡ་རུའི་འཆར་ལོངས་ནས་འཇུས་ཤིང་གཡས་ལག་ཡ་རུའི་རྔ་མར་འཇུས་ཏེ་རང་གནས་སུ་ཁྲིད་དེ་བཏགས། བེའུ་ཆུང་ཆུང་ཞིག་ཡོད་པ་དེས་ཀྱང་ཕྲ་ལ་ཉམས་ཞན་པའི་ངུར་སྒྲ་འབྱིན་བཞིན་ར་བའི་རྩར་སླེབས་འདུག དེ་ནི་བེའུ་འདྲོགས་དགའ་ཆེ་བ་ཞིག་ཡིན་པས། ཁོས་ཨ་ནེ་ཚང་གི་གྲྭ་བ་དེར་བརྡ་ཞིག་བྱས་ཏེ་བེའུ་འཛིན་དགོས་པར་གདམས། ཁོ་གཉིས་བེའུ་འཛིན་པའི་རྩེད་མོ་ལ་རོལ་རན་སོང་། བེའུ་དེ་ནི་དངོས་གནས་འདྲོག་དགའ་ཆེ་བ་ཞིག་རེད། རྩར་སླེབས་ལ་ཉེ་དུས་བྲོས་འགྲོ ཡང་བསྐྱར་འཛིན་འེ་ཐུབ་བལྟས་ན་འང་ཧ་ཅང་དཀའ། དུས་ཡུན་རིང་ཙམ་ལ་ཁོ་གཉིས་པོས་བཟུང་ཡང་མ་ཟིན་པས། ཁོ་གཉིས་ཀྱང་ཐབས་ཟད་དེ་བེའུ་དེར་དམོད་མོ་བྱེད་ཀྱིན་སར་བསྡད་དེ་བསྒུག གང་ལྟར་མཇུག་དུ་ཁོས་མ་བསམ་ས་ནས་ཟིན་སོང་། བཞོ་རྒྱུ་འགའ་ཡོད་པ་ཚང་མ་ཚང་ཟིན། དེ་བས་ཁོ་ཡང་ཁྱིམ་དུ་སོང་སྟེ་ཨ་ཕྱི་དང་ཚ་མོ་གཉིས་ལ་ཇ་སྐོལ། ཚང་མའི་གཏུལ་མ་རེ་ཟོས་ཏེ་དགོང་ཇའི་ཚུགས་ཀ་བྱས། 

    དགོང་མོའི་དུས་ཚོད་བརྒྱད་དགུ་ལ་སླེབས་དུས་ཁྱིམ་མི་ཚང་མ་ཐོན་ཡོང་། ཁོ་ཚོ་སླེབས་རྗེས་ཁོའི་ལས་ཀ་ཡང་ཇེ་ཡང་དུ་སོང་བས་ཁོ་རང་གི་ཉལ་ལྕོག་ཏུ་སོང་སྟེ་བརྙན་འཕྲིན་ལ་བལྟས། ཨ་ཅེས་ནུབ་ཇ་བསྐོལ་ཚར་རྗེས་འཐུང་དུ་ཡོང་དགོས་པར་གདམས། བཟའ་མི་གང་བོས་འུར་རྒྱགས་ཞོར་དུ་ནུབ་ཇ་འཐུང་བས། ཇ་དེམ་གང་ཡོད་པ་དེ་འང་ཅི་ལྟར་ཚར་བ་མ་ཤེས། དུས་ཚོད་བཅུ་གཅིག་ལ་སླེབས་པར་སྐར་མ་ཁ་ཤས་ལས་མེད་དུས་ཚང་མ་རང་རང་གི་ཉལ་ཁང་དུ་སོང་སྟེ་རྨི་ལམ་གྱི་ཞིང་ཁམས་སུ་ཆས་སོང་། ཁོའང་རང་མལ་དུ་སོང་ཞིང་། ཁོའི་དམའ་འབྲིང་གི་འདུག་གྲོགས་ཀྱིས་སྦྱིན་པའི་སྟེགས་སྒྲོན་དེ་བཀར་ནས་འབྲི་དེབ་ཅིག་གི་ཁ་བསྒྱུར་ནས་བལྟས་ཤིང་། པར་ཁུག་ཅིག་ཡོད་པ་དེ་འང་བསློགས་བསློགས་ནས་སྔར་གནས་སུ་བཞག ཡུད་ཙམ་འགོར་རྗེས་ཁོས་མགོ་རང་ཤུགས་ཀྱི་ཐུར་དུ་ལྷུང་ཡོང་བས། ཁོས་མྱུར་མོར་སྟེགས་སྒྲོན་གཟིམས་ནས་གཉིད་ཀྱི་ལས་ལ་བརྩམས་སོང་། 

    འདི་ལྟར། ཁོའི་ཉིན་གཅིག་ཡོངས་སུ་མཇུག་སྒྲིལ་སོང་། 

                      

                       ༢༠༢༡-༧-༢༦ཉིན་ཀྱི་ཕྱི་དྲོ་༣:༣༨ལ་ཡོངས་སུ་བྲིས་ཚར།

                                                      མཛེས་ཁོག་ནས།


Image


Image


བར་མཚམས་ཤིག་གི་ཚོར་འདུ།        ༼ལྷུག་རྩོམ།༽

                                                     -དྲག་རྩལ།  


    སྟག་ཤ་ར་ཞིག་གིས་མནའ་མ་ལེན་རྒྱུ་དང་སྨན་བུ་མོ་ཞིག་གནས་ལ་འགྲོ་རྒྱུ་ནི་བསྒྱུར་དུ་མེད་པའི་འཇིག་རྟེན་གྱི་ཆོས་ཉིད་ཡིན་ལ། འདི་ཉིད་ནི་ང་ཚོ་སྒང་བ་བོད་ཁོ་ན་མ་ཡིན་པར་འཇིག་རྟེན་གྱི་གྲུ་ག་ཀུན་དུ་ཡང་ངོ་།། 

    སྐབས་འདིར་རང་གིས་ཤེས་ཚོད་དམ་གོ་ཐོས་སུ་ཡོད་པའི་སྐད་ཆ་དག་ལས། བོད་དམ་མི་རིགས་གཞན་གང་རུང་ལ་འདི་ལྟ་བུའི་སྲོལ་རྒྱུན་ནམ་གོམས་གཤིས་ཡིད་ཕང་བ་ཞིག་སྟེ། བུ་བུ་མོ་ཕན་ཚུན་ངོ་ཤེས་ཤིང་ཆ་ཅུང་རེ་ཡོད་ན་མི་སྐྱོན་མོད། འོན་ཀྱང་མང་ཆེ་བས་ཕན་ཚུན་ངོ་མི་ཤེས་ཤིང་། ཐ་ན་ཕན་ཚུན་སྔར་ངོ་ཕྲད་མ་མྱོང་བ་ཡང་བཙན་གྱིས་བསྒྲིག་སྟེ་གཉེན་སྒྲིག་ཏུ་བཅུག་རྗེས་ཁྱིམ་གཅིག་ཏུ་འཚོ་དགོས་པར་གདམས། འདི་ལྟ་བུའི་དོན་དག་གང་མང་ནི་ངའི་ཉེ་འཁོར་དུ་འང་བྱུང་མྱོང་། བུ་མོ་དཀྱུས་མ་ཞིག་ལ་མཚོན་ན་དེ་ལྟ་བུའི་ལས་དབང་ཞིག་གམ་གནམ་རྒན་མས་བཀོད་སྒྲིག་འདི་དང་ཁ་གཏད་དུ་ལངས་རྒྱུའི་སྤོབས་པ་མ་ཡོད་པར་ཐད་གར་དང་ལེན་བྱེད་པ་རེད། ཡང་ལོ་རྒྱུས་ཀྱི་དེབ་དང་བརྩམས་སྒྲུང་འགའ་རེས་ནང་དུ་བུ་མོ་ལ་ལས་དེ་ལྟ་བུའི་སྒེར་གཅོད་དང་བཙན་སྐུལ་དང་ལེན་མ་ཐུབ་མོད། འོན་ཀྱང་རྒོལ་ནུས་མ་ཡོད་པར་བྲག་ཁ་ནས་མཆོངས་བ་འམ་ཁང་ཐོག་ནས་ལྕེབ་པ། ད་དུང་ཆུར་ལྡིང་བ་དང་ཐི་གུས་དཔྱང་བ་སོགས་ཐབས་སྣ་ཚོགས་ལ་བསྟེན་ནས་རང་སྲོག་བཅད་པའང་མང་དུ་མཆིས། འདི་ལྟ་བུ་ནི་ངར་མཚོན་ན་དངོས་གནས་ཡ་ང་བ་ཞིག་རེད་སྙམ། བརྩེ་དུང་གི་མངར་ཁ་མ་མྱང་བར་ཐད་ཀ་ནས་འཁོར་མཚོར་བཏང་བ་ལ་ཡིད་སྐྱོ་བ་ཞིག་ཀྱང་རེད་ལ། རང་ཉིད་ཀྱི་འགྲོགས་འདོད་སའི་མི་དེར་རྒྱང་ལྟ་རེ་བྱེད་ཀྱིན་ངོ་མི་ཤེས་ཤིང་ཆ་མེད་པའི་མི་དེ་དང་ལྷན་དུ་མགོ་རྩོམ་དགོས་པ་འང་ཧ་ཅང་ཁག་པོ་ཞིག་འདུག  སྐྱེས་པ་དེ་ལ་ཡང་ཡིན་སྲིད་པ་གཉིས་ཡོད་དེ། གཅིག་ན་ཁོ་ཡང་བུ་མོ་དང་འདྲ་བར་ཕ་མས་གོ་མེད་ཚོར་མེད་ངང་གཉེན་རྟགས་བརྒྱབ་སྟེ་མནའ་མ་བསླངས་ཤིང་བཙན་གྱིས་བཀོད་སྒྲིག་བྱས་པ་ཡིན་སྲིད། གཉིས་ན་བུ་མོ་དེ་རང་ཉིད་ལ་ཐོབ་འདོད་ཀྱི་བློ་སྐྱེས་ཀྱང་རང་གིས་ལག་ལེན་ལ་བསྟེན་ནས་ཐོབ་འེ་ཐུབ་ལྟ་རྒྱུའི་སྤོབས་པ་མ་ཡོད་པར། ཕ་མ་ལ་བློ་དེ་ལྡན་པས་སློང་དགོས་པར་བཤད་པ་ཞིག་ཡིན་ཀྱང་སྲིད། གང་ལྟར་བུ་མོ་ལ་བལྟས་ན་སྐྱེས་པ་དག་ཅུང་མི་སྐྱོན་པར་འདུག ཡིན་ནའང་སྐྱེས་པ་ལ་ལས་བུ་མོ་གང་རུང་ཞིག་ལ་གཏན་གྱི་འདུན་མ་བསྒྲིགས་ཤིང་། ཚེ་གཅིག་གི་སྐྱ་ཡ་བྱེད་རྒྱུའི་ཐག་བཅད་ཟིན་ཀྱང་ཕ་མས་བཙན་གྱིས་མནའ་མ་གཞན་ཞིག་བླངས་པ་འང་ཡོད། འདི་ལྟ་བུར་མཚོན་ན་ང་ཚོའི་རང་སྟེང་དུ་བླངས་ན་འང་ཧ་ཅང་དཀའ་བའི་གནས་སུ་ལྷུང་འདུག

          ཡང་ཕྱོགས་གཞན་ཞིག་ནས། དེང་སང་གི་བུ་མོ་དག་མགོ་ཡངས་དང་ཅོལ་ཆུང་། ཀླ་ཀློའི་ངང་ཚུལ་འཛིན་པ་ཧ་ཅང་མང་། མི་གང་རུང་ཞིག་ལ་དགའ་མཁན་(粉丝)ཧ་ཅང་མང་། དེ་དང་དགའ་རོགས་སུ་འགྱུར་ན་ཅི་མ་རུང་། ཡང་ན་སྐྱེས་པ་ཀ་པ་དེ་ཕྱུགས་བདག་ཆེན་པོ་ཞིག་གམ་སྐྱེས་པ་ཁ་པ་དེ་དྲྭ་དཔོན་(主播)ཆེན་པོ་ཞིག་རེད་ཅེས་དེ་དག་གང་རུང་དང་འགྲིག་ཐབས་བྱེད།  འདི་དག་ཚང་མ་མགོ་ཡག་རུང་མཇུག་ཡག་པའི་ངེས་པ་མེད་པས། བོད་ཀྱི་བུ་མོ་དག་གིས་འདང་རེ་རྒྱག་ཤེས་ན་སྔ་ས་ནས་མནོ་བསམ་བཏང་ན་རེད། རིན་པོ་ཆེ་ལྟ་བུའི་བརྩེ་དུང་ངོ་མར་ཡང་མཇུག་འབྲས་ག་འདྲ་ཞིག་ཡོད་པ་རྟོགས་དཀའ།  འོ་ན་རྒྱུ་དང་འབྱོར་བ་ལ་ཆགས་ཏེ་གནས་སྐབས་ཀྱི་དགའ་བ་ཕྲན་བུ་དེར་གཏན་དུ་བདེ་སྐྱིད་ཡོད་མེད་ངེད་ཅག་གིས་སྔོན་དཔག་བྱས་ན་ཡང་ཧ་གོ་ཡོང་བ་ཞིག་མ་རེད་དམ། དེ་བས་མཚར་འཛིན་གྱི་བློ་ཆུང་ཆུང་དེའི་ཚེ་གཅིག་གི་བདེ་སྐྱིད་བརླག་མི་རུང་། ཕྱུག་པོར་རྒྱུ་ནོར་མང་ཡང་སེར་སྣ་ཆེ། དབུལ་བོར་རྒྱུ་ནོར་མེད་ཀྱང་བརླག་དགའ་ཆེ། དེ་བས་དབུལ་ཡང་མི་དབུལ་ལ་ཕྱུག་ཀྱང་མི་ཕྱུག་པའི་ཁྱིམ་ཚང་དཀྱུས་མ་དག་ནི་བརླག་རྒྱུ་ཡོད་ལ་བརླག་ཤེས་ཀྱང་ཐུབ་པས། དེ་ལྟ་བུར་གནས་ལ་སོང་ན་བདེ་སྐྱིད་ལྡན་པའི་སྲིད་ཕྱོད་ཅུང་མཐོ་བར་སྣང་། 

     མཇུག་མཐར་ངས་སྐྱེས་པ་སྐྱེས་མ་སུ་ཡིན་ཡང་བཤད་འདོད་པ་ཞིག་ཡོད་པ་ནི། ཁྱེད་ཚོ་སློབ་སྦྱོང་གི་དུས་རིམ་དེར་བརྩེ་དུང་ལ་གཡེང་མི་རུང་། དེ་ཡིས་ཁྱེད་ཀྱི་གྲོགས་བྱེད་པ་ཡོད་ཀྱང་སྲིད། འོན་ཀྱང་དེ་ཉིན་མོའི་སྐར་མ་ལྟར་ཧ་ཅང་དཀོན་པོ་ཡིན། དེས་ཁྱེད་ཀྱི་སྦྱང་འབྲས་ཉིན་ལྟར་ཇེ་ཞན་དུ་འགྲོ་རུ་འཇུག་པས། དེ་དང་གཏན་བྲལ་བྱེད་དགོས་ཞེས་ན་དེ་ནི་གྲྭ་བ་དང་ཇོ་མོའི་ལས་ཡིན་པས་ཁག་པོར་འདུག  འོན་ཀྱང་ཤེས་དགོས་པ་ཞིག་ལ་དེར་ངེས་པར་དུ་དོ་སྣང་བྱེད་དགོས། འདིས་ཁྱེད་ལ་ཅི་ཞིག་བྱེད་པ་རང་སེམས་ན་གསལ། ཁྱེད་རང་སློབ་མ་ཞིག་ཡིན་ཉེ་འཁོར་དུ་དོན་དག་འདི་ལྟ་བུ་གང་མང་བྱུང་མུས་ཀྱང་ཡིན་ངེས། འདི་ནི་རང་ཉིད་ཀྱི་འདོད་ཚུལ་ཙམ་ལས་མི་གང་རུང་གཏད་དེ་བཤད་པ་ཞིག་ཡེ་ནས་མ་ཡིན་པས་ཀུན་གྱི་སེམས་ལ་གནོད་བྱེད་ཀྱི་ཚིག་ཅི་ཡོད་རང་དགར་བསྐྱུར་བའི་ཆོག

         

Image