[ English ] [ 中文 ]
0891-6325020
དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • འཕྲུལ་ཆས་ཡིག་སྒྱུར་གྱི་དགེ་སྐྱོན་སྐོར་ལ་རགས་ཙམ་དཔྱད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2021-09-10

    དེང་གི་སྤྱི་ཚོགས་ནི་འཕེལ་རྒྱས་མྱུར་བའི་སྤྱི་ཚོགས་ཤིག་ཡིན་པས། ཚན་རྩལ་དར་རྒྱས་ཆེ་བ་དང་ཆ་འཕྲིན་སྤེལ་རེས་བྱེད་མང་བ་མ་ཟད། མི་དང་མིའི་དབར་གྱི་འབྲེལ་འདྲིས་ཀྱང་སྔར་ལས་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་པ་དང་། འཚོ་བའི་ཐད་ལའང་སྔར་ན་མེད་པའི་སྟབས་བདེ་ཆེན་པོ་བྱུང་དང་འབྱུང་མུས་ཡིན། གྲངས་གཞི་ཆེ་མོ་ནི་ཁོར་ཡུག་དེ་འདྲའི་འོག་ཏུ་བྱུང་བའི་ཚན་རྩལ་འདུས་ཚད་མཐོ་བའི་དུས་རབས་ཀྱི་ཐོན་དངོས་ཤིག་རེད། དུས་རབས་ཉེར་གཅིག་པར་སླེབས་ཚུན་དང་། ལྷག་པར་དུ་2012ལོར་སླེབས་སྐབས་གྲངས་གཞི་ཆེ་མོ(big data)ཞེས་པའི་ཐ་སྙད་དེ་ཐོན་ཚད་སྔར་ལས་མང་དུ་སོང་བ་དང་། མི་ཚོས་དེ་ལ་བརྟེན་ནས་ཆ་འཕྲིན་ཤིན་ཏུ་མང་བའི་དུས་རབས་སུ་ཐོན་པའི་གྲངས་གཞི་ཆེ་མོར་ཞིབ་བརྗོད་དང་གསལ་འགྲེལ་བྱས་པ་མ་ཟད། དེ་དང་འབྲེལ་བའི་ལག་རྩལ་འཕེལ་རྒྱས་དང་གསར་གཏོད་ལའང་མིང་བཏགས་ཡོད། གྲངས་གཞི་ཆེ་མོ་ཐོན་པ་དང་དུས་མཚུངས་མི་རྣམས་ཀྱིས་དེར་དོ་སྣང་ཆེན་པོ་བྱས་ཏེ་རིམ་གྱིས་དེ་ལ་དེ་འབྲེལ་གྱི་ཐོན་རྫས་བཏོན་ཡོད། སྐབས་བབ་ཀྱི་བརྗོད་བྱའི་དོན་ཏེ། འཕྲུལ་ཆས་ཡིག་སྒྱུར་ཀྱང་གྲངས་གཞི་ཆེ་མོའི་ཐོན་རྫས་ཤིག་རེད་ཅེས་བརྗོད་ན་མི་འགྲིག་པ་མེད་སྙམ།

    དང་པོ། འཕྲུལ་ཆས་ཡིག་སྒྱུར་གྱི་གོ་དོན་དང་བྱུང་འཕེལ་རགས་ཙམ་བཤད་པ།

    འཕྲུལ་ཆས་ཡིག་སྒྱུར་ནི་རྩིས་འཁོར་ལ་བརྟེན་ནས་སྐད་ཡིག་གཅིག་སྐད་ཡིག་གཞན་ཞིག་ཏུ་ཕབ་པར་ཟེར་བ་དང་། དེ་ནི་ཆ་འཕྲིན་དུས་རབས་སུ་སྐད་ཡིག་བཀོལ་སྤྱོད་བྱེད་སའི་ཁྱབ་ཁོངས་གལ་ཆེན་ཞིག་རེད། ཆ་འཕྲིན་ལག་རྩལ་རིམ་གྱིས་ཇེ་མཐོར་སོང་བ་དང་བསྟུན་ནས་འཕྲུལ་ཆས་ཡིག་སྒྱུར་ཡང་རིམ་གྱིས་ཐོན་འགོ་ཚུགས་ཡོད་ལ། རིམ་གྱིས་འཐུས་སྒོ་ཇེ་ཚང་དང་ཇེ་ལེགས་ཇེ་ཡག་ཏུ་སོང་ཡོད། འཕྲུལ་ཆས་ཡིག་སྒྱུར་གྱིས་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སྤེལ་རེས་སོགས་ཐད་ལའང་ནུས་པ་སྔར་ལས་ཆེ་བ་ཐོན་བཞིན་ཡོད། འཕྲུལ་ཆས་ཡིག་སྒྱུར་གྱི་ལོ་རྒྱུས་ལ་ཕྱིར་ལྟ་བྱེད་སྐབས་དེ་ནི་འཕེལ་རྒྱས་ཀྱི་ལམ་བུ་དང་། གསར་གཏོད་ཀྱི་དུས་སྐབས། དཀའ་ངལ་ཆེ་བའི་དུས་སྐབས། སླར་གསོའི་དུས་སྐབས། དུས་སྐབས་གསར་པ་བཅས་ཀྱི་འཕྲང་ལམ་མང་པོ་འགྲིམས་རྗེས། ད་གཟོད་ལག་ལེན་དང་། ཉམས་མྱོང་། བསམ་བློའི་སྙིང་བཅུད་བཅས་མང་པོ་ཕྱོགས་སྡོམ་བྱས་མཐར་གཞི་ནས་མ་ལག་དེ་ཉིད་གྲུབ་པ་གོར་མ་ཆག དེང་གི་དུས་སུ་རྒྱལ་ཁབ་ཕྱི་ནང་དུ་འཕྲུལ་ཆས་ཡིག་སྒྱུར་ལ་ཞིབ་འཇུག་གཏིང་ཟབ་བྱེད་བཞིན་ཡོད་པ་དང་། ཡིག་སྒྱུར་རིག་པ་ཞེས་རིག་ཚན་རྐྱང་པ་ཞིག་ཏུ་བརྩིས་ནས་ཞིབ་འཇུག་བྱས་དང་བྱེད་མུས་སུ་མཆིས་ལ། གྲུབ་འབྲས་ཀྱང་མི་དམན་ཙམ་ཐོབ་ཡོད།

    གཉིས་པ། འཕྲུལ་ཆས་ཡིག་སྒྱུར་གྱི་དགེ་སྐྱོན་སྐོར་རགས་ཙམ་བརྗོད་པ།

    གཅིག དགེ་མཚན་བརྗོད་པ།

    1 ལས་ཕྱོད་ཆེ་རུ་འགྲོ་བ།

    གསར་འགྱུར་གྱི་ཁྱད་ཆོས་གླེང་སྐབས་མྱུར་བའི་རང་བཞིན་ནི་གལ་ཆེན་པོ་ཞིག་ལ་བརྩི་ཡི་ཡོད་པ་དང་། གསར་འགྱུར་རྩོམ་ཡིག་ཡིག་སྒྱུར་བྱེད་སྐབས་ཀྱང་ཟབ་གསལ་མྱུར་གསུམ་གྱི་ཁྱད་ཆོས་དགོས་ཚུལ་གཙོ་བོར་གླེང་བཞིན་ཡོད། དེ་ཡང་ཟབ་ནི་ཡིག་སྒྱུར་གྱི་དོན་ཟབ་མོ་སྟོན་ཐུབ་པ་དང་། གསལ་ནི་ཡིག་སྒྱུར་གྱི་དོན་ཁ་གསལ་སྟོན་ཐུབ་པ། མྱུར་ནི་ཡིག་སྒྱུར་བྱེད་སྐབས་མགྱོགས་པོ་དགོས་པ་ལ་ཟེར། དེ་དག་ལས་གསར་འགྱུར་རྩོམ་ཡིག་ཡིག་སྒྱུར་བྱེད་སྐབས་མྱུར་ཚད་དགོས་པ་དེ་རགས་ཙམ་རྟོགས་ཐུབ། འཕྲུལ་ཆས་ཡིག་སྒྱུར་གྱིས་སྲིད་དོན་རང་བཞིན་གྱི་རྩོམ་ཡིག་སོགས་ཀྱི་ཆ་འཕྲིན་འབོར་ཆེན་མགྱོགས་མྱུར་ཡིག་སྒྱུར་ཐུབ་ནས། ཡིག་སྒྱུར་མྱུར་ལ་སྤུས་ཀ་དག་པ་དང་། ད་དུང་ཡི་གེ་ཕབ་འཇུག་བྱེད་མི་དགོས་པ་སོགས་ཀྱིས་དུས་ཚོད་དང་མི་རྒྱུ་དངོས་གསུམ་མང་པོ་གྲོན་ཆུང་ཐུབ་མ་ཟད། སྟབས་བདེའང་ཆེན་པོ་བསྐྲུན་ཡོད།

    2 བརྡ་ཆད་དང་ཐ་སྙད་གཅིག་གྱུར་ལ་ཕན་ཐོགས་ཡོད་པ།

    ཚགས་པར་དང་དུས་དེབ་སོགས་གང་ཞིག་ཡིན་རུང་ཡིག་སྒྱུར་བྱེད་སྐབས་གོང་འོག་ནང་དོན་དང་། བརྡ་ཆད། གྲངས་ཀ ཐ་སྙད་ལ་སོགས་པ་གཅིག་གྱུར་མ་བྱུང་ན་གོ་དོན་འཛོལ་སླ་ལ། གཞན་གྱིས་ལྟ་སྐབས་ཀྱང་སྒྱུར་ཡིག་ཚགས་དམ་པོ་དེ་ཙམ་མེད་པའི་སྣང་བ་ཞིག་འབྱུང་སྲིད། དེས་ན་ཚགས་པར་དང་དུས་དེབ་སོགས་སུ་ནང་དོན་དང་། བརྡ་ཆད། གྲངས་ཀ ཐ་སྙད་སོགས་གཅིག་གྱུར་ཡོང་བར་འབད་རྒྱུ་དེ་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཏུ་གྱུར་ཡོད། འཕྲུལ་ཆས་ཡིག་སྒྱུར་གྱིས་དེའི་ཐད་ལ་ནུས་པ་ཆེན་པོ་ཐོན་ཡོད། ལྷག་པར་དུ་འཕྲུལ་ཆས་ཡིག་སྒྱུར་འགའ་རེའི་ཡིག་སྒྱུར་མ་ལག་ནང་ཡིག་སྒྱུར་ལས་དོན་དང་འབྲེལ་བའི་ཚན་པ་ཁག་གིས་ཚོགས་འདུ་གལ་ཆེན་དང་དུས་ཚོད་ཀྱི་མཚམས་ཚིགས་གལ་ཆེན་ཁག་གཅིག་སྐབས་གཅིག་གྱུར་གཏན་ལ་ཕབ་པའི་བརྡ་ཆད་དང་ཐ་སྙད་ལ་སོགས་པ་མང་དག་ཅིག་སྐད་བརྡའི་གྲངས་གཞིའི་མཛོད་ནང་བཅུག་ཡོད་པས། བརྡ་ཆད་དང་། གྲངས་ཀ ཐ་སྙད་སོགས་གཅིག་གྱུར་ཡོང་བར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།

    གཉིས། མི་འདང་བའི་ཆ་རགས་ཙམ་བརྗོད་པ།

    1 སྐད་ཆའི་ཁོར་ཡུག་དང་བརྗོད་དོན་གྱི་བབ་ལ་དེ་ཙམ་བསྟུན་མི་ཐུབ་པ།

    དེ་ཡང་ཡིག་སྒྱུར་མཉེན་ཆས་ལ་མི་ནང་བཞིན་གྱི་བསམ་གཞིག་བྱེད་ནུས་དང་། ཚོར་འདུ། བརྩེ་དུང་སོགས་མེད་པས། སྐད་ཆའི་ཁོར་ཡུག་དང་བརྗོད་བྱ་དོན་གྱི་བབ་ལ་དེ་ཙམ་བསྟུན་ཐུབ་ཀྱི་མེད། མ་གཞི་འཕྲུལ་ཆས་ཡིག་སྒྱུར་མཉེན་ཆས་ཀྱིས་སྲིད་དོན་རིགས་དང་ཐད་སྒྱུར་རིགས་ཀྱི་རྩོམ་ཡིག་ཅུང་ཁ་གསལ་ཙམ་ཡིག་སྒྱུར་བྱེད་ཐུབ་མོད། དོན་སྒྱུར་བྱེད་དགོས་རིགས་ཀྱི་རྩོམ་རིག་བརྩམས་ཆོས་དང་། ལྷག་པར་དུ་རྩོམ་ཡིག་གི་གྲུབ་ཆ་རྙོག་འཛིང་ཆེ་བའི་བརྗོད་པ་འགའ་རེ་འཕྲད་སྐབས། ནང་དོན་སྔ་ཕྱིའི་གོ་རིམ་འཛོལ་བ་དང་ཚིག་རྒྱན་གནད་ལ་འཁེལ་པོ་མ་བྱུང་བ་ལ་སོགས་མི་འདང་བའི་ཆ་ལྡན་ཡོད། དཔེར་བརྗོད་ཙམ་དྲངས་ན། “历久弥新金不换”ཞེས་པ་རྒྱུན་རིང་འདྲིས་པའི་མཛའ་གྲོགས་གསེར་ལས་ལྷག་ཅེས་བསྒྱུར་ན་དོན་ཟབ་ལ་ཁ་གསལ་པོ་ཡོད་མོད། འཕྲུལ་ཆས་ཡིག་སྒྱུར་གྱིས་ལོ་རྒྱུས་ཡུན་རིང་ལྡན་པའི་གསེར་ལ་འགྱུར་བ་མེད་ལྟ་བུ་གོ་དོན་རྦད་དེ་འཛོལ་བ་དང་ཐད་སྒྱུར་ཤུགས་ཆེ་དྲགས་པའི་སྐྱོན་འབྱུང་བ་ལྟ་བུ་རེད།

    2 རྟེན་དྲགས་པའི་སྐྱོན།

    དེ་ཡང་འཕྲུལ་ཆས་ཡིག་སྒྱུར་ལ་རྟེན་དྲགས་ན། རང་ཉིད་ཀྱིས་ཤེས་པའི་ཐ་སྙད་དང་བརྡ་ཆད་སོགས་མང་དག་ཅིག་བརྗེད་ངད་རྐུན་པོས་བཅོམ་སྟེ་འཕྲུལ་ཆས་ཡིག་སྒྱུར་མེད་ན་བྱ་དཀའ་བྱེད་གཏད་དུ་གྱུར་པའི་ཚད་དུ་སླེབས་ཀྱི་ཡོད། དེས་ན་ང་ཚོས་འཕྲུལ་ཆས་ཡིག་སྒྱུར་ནི་ང་ཚོར་སྟབས་བདེ་སྐྲུན་བྱེད་ཀྱི་ལག་ཆ་ཞིག་ཏུ་བརྩིས་ནས་དེ་ཉིད་བེད་སྤྱོད་བྱེད་པའི་ཞོར་དུ་རང་ཉིད་ཀྱི་ཤེས་བྱ་རིག་གནས་ལའང་འཐུས་ཤོར་མ་བཏང་བར་མུ་མཐུད་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བར་སེམས།

    གསུམ་པ། མ་འོངས་ཀྱི་བསམ་ཕྱོགས།

    འབྱུང་འགྱུར་ཚན་རྩལ་དང་ཆ་འཕྲིན་ལག་རྩལ་རིམ་གྱིས་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག ཡིག་སྒྱུར་མཉེན་ཆས་ཀྱང་རིམ་གྱིས་ཇེ་མང་དང་ཡིག་སྒྱུར་སྤུས་ཚད་རིམ་གྱིས་ཇེ་ལེགས་སུ་འགྲོ་ངེས་ཡིན་པ་ཐེ་ཚོམ་བྲལ། དེས་ན་ང་ཚོས་འཕྲུལ་ཆས་ཡིག་སྒྱུར་གྱི་ཐ་སྙད་དང་བརྡ་ཆད་ཀྱི་སྐད་བརྡའི་གྲངས་གཞིའི་མཛོད་འཐུས་སྒོ་ཚང་དུ་གཏོང་བ་དང་། ལྷག་པར་དུ་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ཐ་སྙད་བཀས་བཅད་ཨུ་ལྷན་སོགས་སྡེ་ཚན་གྱིས་གྲོས་བསྡུར་དང་ཞུས་དག་ཡང་ཡང་གནང་རྗེས་གཏན་ལ་ཕབ་པའི་ཐ་སྙད་དང་བཀས་བཅད་རྣམས་དུས་ཐོག་ཏུ་སྐད་བརྡའི་གྲངས་གཞིའི་མཛོད་ནང་འཇུག་པ་དང་། བཀས་བཅད་གསར་པ་ཐོན་རིམ་བཞིན་སྐད་བརྡའི་གྲངས་གཞིའི་མཛོད་གསར་སྒྱུར་བྱས་ཚེ་ཡིག་སྒྱུར་ལས་ལ་གཞོལ་མཁན་གྱི་སྐྱེ་བོ་ཚང་མར་ཕན་པ་ཆེན་པོ་བསྐྲུན་ཐུབ་ངེས་རེད། དེ་བས་ཀྱང་ལོ་ཙཱ་བ་དང་། ཚན་རྩལ་ལག་རྩལ་པ། ཆ་འཕྲིན་ལག་རྩལ་པ། སྐད་བརྡ་རིག་པ་མཁས་ཅན་སོགས་ཚང་མས་རང་ནུས་ཅི་ཡོད་བཏོན་ཏེ་འཕྲུལ་ཆས་ཡིག་སྒྱུར་གྱི་སྤུས་ཚད་སྔར་ལས་ལེགས་པ་ཡོང་ཆེད་འབད་བརྩོན་གནང་དགོས་པ་ནི་སྨྲོས་ཅི་ལ་དགོས། གོང་དུ་ཁོ་བོས་གླེང་བ་འདི་དག་ནི་ལོ་ཤས་ཡིག་སྒྱུར་གྱི་བྱ་བར་གཞོལ་བ་ལས་བསྐྱེད་པའི་བསམ་གཞིག་ཐོར་བུ་ཙམ་ཞིག་ཡིན་སྟབས། ནོར་དང་འཁྲུལ་བའི་གོལ་ས་མང་དུ་མཆིས་ངེས་པས་མཁྱེན་དཔྱོད་ཡངས་པའི་སྐྱེ་བོ་ཚོས་མཛུབ་མོས་རི་སྟོན་གྱི་དགོངས་འཆར་ལྷུག་སྩོལ་གནང་བར་མཁྱེན།། 

    བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་བོད་ཡིག་རྩོམ་སྒྲིག་ཁང་གི་བསྟན་འཛིན་བློ་གྲོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།