དབང་བཅོལ་མ་བྱས་པར་གཞན་གྱི་བརྙན་མཐོང་དྲས་སྒྲིག་བྱེད་མི་ཆོག

ཀྲུང་གོའི་དྲ་རྒྱའི་བལྟ་ཉན་ལེ་ཚན་ཞབས་ཞུ་མཐུན་ཚོགས་ཀྱིས་སྤེལ་བའི་ཆ་འཕྲིན་ལྟར་ན། ཉེ་སྔོན་བརྙན་ཐུང་ནང་དོན་གྱི་སྤུས་ཚད་མཐོར་འདེགས་གཏོང་བ་དང་། ནོར་འཁྲུལ་དང་རྫུན་མ། གནོད་ལྡན་ཅན་བཅས་ཀྱི་ནང་དོན་ཁྱབ་བསྒྲགས་དང་གང་སར་ཁྱབ་པ་བཀག་སྡོམ་བྱས་ནས། དྭངས་གཙང་གི་དྲ་རྒྱའི་བར་སྟོང་ཞིག་འཛུགས་ཆེད། རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་། འབྲེལ་དྲའི་བལྟ་ཉན་ལེ་ཚན་ཞབས་ཞུའི་དོ་དམ་གཏན་འབེབས། དྲ་རྒྱའི་བལྟ་ཉན་ལེ་ཚན་གྱི་ནང་དོན་ཞིབ་བཤེར་གཏན་འབེབས་བྱེད་པའི་ཀུན་འཕྲོད་སྒྲིག་སྲོལ་བཅས་གཞིར་བཟུང་ནས། ཀྲུང་གོའི་བལྟ་ཉན་ལེ་ཚན་ཞབས་ཞུ་མཐུན་ཚོགས་ཀྱིས་དྲ་རྒྱའི་བརྙན་ཐུང་ནང་དོན་ཞིབ་བཤེར་གཏན་འབེབས་ཀྱི་ཚད་གཞིའི་ཞིབ་སྲོལ་ཞེས་པ་འགྲེམ་སྤེལ་བྱས་ཡོད།(གཤམ་དུ་ཞིབ་སྲོལ་ཞེས་བྲིས་ཡོད།)

ཞིབ་སྲོལ་ཁྲོད་དུ་བརྙན་ཐུང་ལེ་ཚན་དང་དེ་བཞིན་དེའི་ཁ་བྱང་། མིང་། དཔྱད་བརྗོད། འཕར་ཡིག རྣམ་འགྱུར་སོགས་དེའི་སྐད་བརྡ་དང་འཁྲབ་སྟོན། བརྙན་ཡིག གཟུགས་བརྙན། རོལ་དབྱངས། སྒྲ་ནུས་བཅས་ཀྱི་ཁྲོད་དུ་མངོན་མི་རུང་བའི་ནང་དོན་རིགས་100དཔེར་བཀོད་ཡོད་པ་དང་། དེའི་ཁྲོད་དུ་དབང་བཅོལ་མ་བྱས་པར་གང་འདོད་དུ་གློག་བརྙན་དང་བརྙན་འཕྲིན་ཟློས་གར། དྲ་རྒྱའི་བརྙན་ཟློས་བཅས་དྲས་བཅད་དང་བཅོས་སྒྲིག་བྱེད་པ་སོགས་ཀྱི་བལྟ་ཉན་ལེ་ཚན་དང་དུམ་ཚན། ལོ་ན་མ་སོན་པའི་མིས་སྔ་མཛའ་བྱེད་པའི་ནང་དོན་སྐོར་དང་། དེ་བཞིན་ཐ་མག་འཐེན་པ་དང་ཆང་རག་བཏུང་བ། འཛིང་རེས་བྱེད་པ། དུག་རྫས་གང་བྱུང་དུ་སྤྱོད་པ་སོགས་ཀྱི་མ་རབས་བྱ་སྤྱོད་ཀྱི་སྐོར། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་བ་དང་། སྲོག་ཆགས་ལ་མནར་གཅོད་གཏོང་བའི་སྐོར། རྒྱལ་ཁབ་ཀྱི་སྲུང་སྐྱོབ་རིགས་ཀྱི་སྲོག་ཆགས་རྔོན་གསོད་དང་བཟའ་བ་སོགས་ཀྱི་ནང་དོན་འདུས་ཡོད།