ཚན་རྩལ་ལ་བརྟེན་ནས་ལྷ་སྒྲུང་ལྟ་བུའི་དོན་ཞིག་མངོན་འགྱུར་བྱུང་འདུག
སྤེལ་བའི་དུས་ཚོད། : 2019-08-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཨ་རིའི་སྨྱན་སྦྱོར་ཁག་གིས་སྤེལ་བའི་གནས་ཚུལ་ལྟར་ན། སྤྱི་ཟླ་༧ཚེས་༡༦ཉིན། ཨ་རིའི་ཚན་རྩལ་ཁེ་ལས་པ་གྲགས་ཅན་ཨེ་ལོན་མཱ་སི་ཁེ་(Elon Musk)ཡིས་ཁོང་གིས་གསར་འཛུགས་གནང་བའི་Neuralinkསྤྱི་གཉེར་ཁང་གིས་མི་རྣམས་ཧང་སང་དགོས་པའི་ཚན་རིག་ཞིབ་འཇུག་འབྲས་བུ་ཆེན་པོ་ཞིག་སྟེ། གློག་ཀླད་དང་སྤྲེའུ་ཡི་ཀླད་པ་གཉིས་ཕན་ཚུན་མཐུད་འབྲེལ་བྱེད་རྒྱུ་མངོན་འགྱུར་བྱུང་ཡོད་ཅིང་། དེས་མ་འོངས་པར་མིའི་ཀླད་པ་དང་གློག་ཀླད་གཉིས་ཀྱང་ཕན་ཚུན་འབྲེལ་ཐུབ་པ་མཚོན་ཡོད།

  གློག་ཀླད་དང་སྤྲེའུ་ཡི་ཀླད་པ་གཉིས་ཕན་ཚུན་མཐུད་འབྲེལ་ཐུབ་རྗེས། སྤྲེའུ་ཡིས་ཀླད་པར་བརྟེན་ནས་གློག་ཀླད་ཚོད་འཛིན་ཐུབ་ཡོད་པ་སྟེ། དཔེར་ན་སྤྲེའུ་ཡིས་གློག་ཀླད་ལས་ལྟ་བསམ་པའི་པར་རིས་དེ་ལག་པ་འགུལ་མི་དགོས་པར་ལྟ་བསམ་པ་ཁོ་ན་ཙམ་གྱིས་པར་རིས་དེའི་ཁ་ཕྱེ་བ་ལྟ་བུ་བྱུང་ཡོད།

  ཨེ་ལོན་མཱ་སི་ཁེ་ཡིས་བཤད་པ་ལྟར་ན། སྤྱི་གཉེར་ཁང་དེས་སང་ལོ་མིའི་ཀླད་པ་དང་གློག་ཀླད་གཉིས་ཕན་ཚུན་འབྲེལ་བའི་ཚོད་ལྟ་བྱ་རྒྱུ་ཡིན་ཞིང་། ཚོད་ལྟ་དེ་ལམ་ལྷོངས་བྱུང་ཚེ། མིས་ལག་པ་དང་ཁ་སོགས་ཅི་ཡང་འགུལ་མི་དགོས་པར་བསམ་པའམ་དྲན་པ་ཁོ་ནར་བརྟེན་ནས་གློག་ཀླད་ཚོད་འཛིན་བྱེད་ཐུབ་རྒྱུ་མ་ཟད། མིའི་ཅི་བསམ་གློག་ཀླད་བརྒྱུད་ཕན་ཚུན་ཤེས་ཐུབ་པ་རེད།

  སྤྱི་གཉེར་ཁང་དེ་ལས་གཞན། ཨ་རིའི་ཁ་ལི་ཧྥར་ནེ་ཡ་སློབ་གྲྭ་ཆེན་མོ་དང་ངོ་དེབ་(Face book)སྤྱི་གཉེར་ཁང་གཉིས་ཀྱིས་ཀྱང་དེའི་སྐོར་ལ་ཞིབ་འཇུག་བྱེད་བཞིན་པ་མ་ཟད། གྲུབ་འབྲས་ཀྱང་ཆེན་པོ་ཐོབ་ཡོད་པ་སྟེ། ད་ལོའི་སྤྱི་ཟླ་༧ཚེས་༣༡ཉིན། ལས་ཁུངས་དེ་གཉིས་ཀྱིས་མིས་མགོར་འབྲེལ་ཡོད་སྒྲིག་ཆས་བསྐོན་པ་བརྒྱུད་མིའི་ཀླད་པ་དང་གློག་ཀླད་གཉིས་འབྲེལ་མཐུད་ཐུབ་ཅིང་། མིས་གློག་ཀླད་དུ་ལག་པས་ཡི་གེ་གཏག་མི་དགོས་པར་གཏག་བསམ་པ་རྣམས་དྲན་པ་ཙམ་གྱིས་གློག་ཀླད་དུ་ཤར་ཐུབ་ཡོད་པ་རེད།

  མིག་སྔར། མིའི་ཀླད་པ་དང་གློག་ཀླད་གཉིས་ཕན་ཚུན་འབྲེལ་བའི་ཚན་རྩལ་ལ་རིགས་གཉིས་ཡོད་པ་སྟེ། རིགས་གཅིག་ནི་མིའི་ཀླད་པར་བརྡ་རྟགས་ལྕགས་ལེབ་ཤིན་ཏུ་ཆུང་བ་བཅུག་ནས་ལྕགས་ལེབ་དེར་བརྟེན་ཏེ་ཕན་ཚུན་འབྲེལ་བཞིན་ཡོད་པ་དང་། རིགས་གཞན་པ་དེ་ནི་མིའི་མགོ་བོར་འབྲེལ་ཡོད་སྒྲིག་ཆས་གོན་པར་བརྟེན་ཕན་ཚུན་འབྲེལ་བཞིན་ཡོད་པ་དེ་རེད། Neuralinkསྤྱི་གཉེར་ཁང་གིས་ལག་རྩལ་སྔ་མ་དེ་སྤྱོད་ཀྱིན་ཡོད་ལ། ངོ་དེབ་སྤྱི་གཉེར་ཁང་གིས་རྗེས་མ་དེ་སྤྱོད་བཞིན་ཡོད།

  གློག་ཀླད་དང་མི་ཀླད་གཉིས་ཕན་ཚུན་འབྲེལ་བའི་ཚན་རྩལ་དེ་མུ་མཐུད་འཕེལ་རྒྱས་དང་འཐུས་ཚང་བྱུང་ན། ང་ཚོའི་འཚོ་བའི་ཁྲོད་ལྷ་སྒྲུང་ངམ་སྒྱུ་འཕྲུལ་ལྟ་བུའི་དོན་ངོ་མཚར་བ་མང་པོ་ཞིག་འབྱུང་སྲིད་དོ།།

  

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ལྟ་སྐུལ། ཝང་ཧྥེ།

  སྒྲིག་སྒྱུར། བདེ་ལྷ་མོ།