མཚོ་སྔོན་གྱིས་ལས་ཤོར་འགན་བཅོལ་མ་དངུལ་གྱི་ཚད་གཞི་དེ་གླ་ཕོགས་ཀྱི་ཚད་གཞི་དམའ་ཤོས་ཀྱི90%བར་མཐོ་རུ་གཏོང་རྒྱུ་ཡིན་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།   ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་ནས་ཤེས་རྟོགས་བྱུང་བ་ལྟར་ན། ལས་ཤོར་མི་སྣའི་གཞི་རྩའི་འཚོ་བའི་འགན་ལེན་ཆུ་ཚད་སྔར་ལས་མཐོ་རུ་གཏོང་ཆེད། མཚོ་སྔོན་གྱིས་ཟླ12ཚེས1ཉིན་ནས་བཟུང་ལས་ཤོར་མི་སྣའི་ལས་ཤོར་འགན་བཅོལ་མ་དངུལ་གྱི་ཚད་གཞི་གླ་ཕོགས་ཀྱི་ཚད་གཞི་དམའ་ཤོས་ཀྱི72%ནས90%བར་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།

མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་ལས་ཤོར་འགན་བཅོལ་ཁྲུའུ་ཁྲུའུ་ཀྲང་གཞོན་པ་ཤེས་རབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་ཚད་གཞི་མཐོ་རུ་བཏང་བ་བརྒྱུད་མཚོ་སྔོན་གྱི་ས་གནས་ཁག་གི་ལས་ཤོར་འགན་བཅོལ་མ་དངུལ་གྱི་ཚད་གཞི་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཟླ་རེར་སྒོར1070དང1080 ། སྒོར1090དང1350བར་གཅིག་གྱུར་ཐོག་མཐོ་རུ་བཏང་སྟེ་ཟླ་རེར་མི་རེའི་ཆ་སྙོམས་སྒོར270འཕར་ཡོད་ལ་འཕར་ཚད25%ཟིན་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ནི་རྒྱལ་ཡོངས་སུ་ལས་ཤོར་འགན་བཅོལ་མ་དངུལ་གྱི་ཚད་གཞི་དེའི་བར་མཐོ་རུ་བཏང་བའི་ཞིང་ཆེན་སྔ་ཤོས་ཡིན། “ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི41.5ཟིན་ཡོད། ད་ཐེངས་ཚད་གཞི་མཐོ་རུ་བཏང་བ་དེས་ལས་ཤོར་མི་སྣའི་གཞི་རྩའི་འཚོ་བའི་ཆུ་ཚད་མཐོ་རུ་འགྲོ་བ་དང་ལས་ཤོར་མི་སྣར་འཕྲད་པའི་འཛད་སྤྱོད་ཀྱི་རིན་གོང་འཕར་བ་སོགས་ཀྱི་གནོན་ཤུགས་ཆུང་དུ་འགྲོ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད”ཟེར།

མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་ཡི་གཞི་གྲངས་ལྟར་ན། 2016ལོར་རང་རྒྱལ་གྱི་ཟླ་རེར་མི་རེའི་ཆ་སྙོམས་ཀྱི་ལས་ཤོར་འགན་བཅོལ་མ་དངུལ་སྒོར1051ཡིན་པ་རེད། ད་ལོའི་ཟླ9པར་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་དང་ནོར་སྲིད་པུས་མཉམ་དུ《ལས་ཤོར་འགན་བཅོལ་མ་དངུལ་གྱི་ཚད་གཞི་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》པར་འགྲེམས་བྱས་ཏེ་ས་གནས་ཁག་གི་ལས་ཤོར་འགན་བཅོལ་མ་དངུལ་གྱི་ཚད་གཞི་གླ་ཕོགས་ཀྱི་ཚད་གཞིའི90%བར་མཐོ་རུ་གཏོང་བར་མཛུབ་ཁྲིད་བྱས་ཡོད་པ་རེད།  །