ད་ལོར་ཞིང་ཆེན་དགུ་ཡིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་ཐེབས་རྩའི་མངགས་བཅོལ་མ་འཇོག་བྱེད་འགོ་བཙུགས་པ།
སྤེལ་བའི་དུས་ཚོད། : 2019-03-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཟླ་༣པའི་ཚེས་༦ཉིན། གསར་འགོད་པས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་གཞུང་དོན་ཐིང་དང་ནོར་སྲིད་པུའི་གཞུང་དོན་ཐིང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་ཐེབས་རྩའི་མངགས་བཅོལ་མ་འཇོག་ཞིང་ཆེན་དང་རང་སྐྱོང་ལྗོངས། རྫོང་བཅས་ཀྱི་རིམ་པའི་བགོས་ནས་འགོ་བརྩམས་རྒྱུ་གཏན་འཁེལ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་ཞིང་། ཧོ་པེ་དང་།ཅི་ལིན།ཅང་སུའུ་སོགས་ཞིང་ཆེན་དགུ་ཡིས་སྤྱི་ལོ༢༠༡༩ལོར་གྲོང་མིའི་རྒན་གསོའི་ཐེབས་རྩའི་མངགས་བཅོལ་མ་འཇོག་ལས་དོན་སྤེལ་འགོ་ཚུགས་རྒྱུའི་ཞིབ་འཇུག་གཏན་འཁེལ་བྱས་པ་རེད། ཞིང་ཆེན་དགུ་ཡིས་བརྟག་དཔྱད་མཐིལ་རྟོགས་དང་མ་དངུལ་ཚོད་རྩིས་སོགས་ཀྱི་ལས་དོན་ལ་དམ་འཛིན་བྱས་ནས་སྤེལ་བ་དང་། མ་འཇོག་གྲངས་འབོར་མངགས་བཅོལ་ཁ་གསལ་བྱེད་པ་དང་འབྲེལ་ཞིང་ཆེན་སྲིད་གཞུང་ལ་ཞིབ་ཕྲའི་ལག་བསྟར་འཆར་གཞི་གོང་འབུལ་ཞུ་དགོས་པ། སྤྱི་ལོ་༢༠༡༩ལོའི་ལོ་མཇུག་གོང་རྒྱལ་ཡོངས་ཀྱི་སྤྱི་ཚོགས་འགན་སྲུང་ཐེབས་རྩའི་ལས་འཛིན་ལྷན་ཚོགས་དང་མངག་བཅོལ་མ་དངུལ་འཇོག་པའི་གན་རྒྱ་འཇོག་པར་འགན་ལེན་ཏན་ཏིག་བྱ་བའི་བླང་བྱ་བཏོན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ༢༠༡༨ལོའི་ལོ་མཇུག་བར།ཧྲང་ཧའེ་གྲོང་ཁྱེར་དང་། ཧུའུ་པེ་ཞིང་ཆེན། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས། ཁྲུང་ཆིང་གྲོང་ཁྱེར། སི་ཁྲོན་ཞིང་ཆེན། ཡུན་ནན་ཞིང་ཆེན། བོད་རང་སྐྱོང་ལྗོངས། ཧྲའན་ཤིས་ཞིང་ཆེན། ཀན་སུའུ་ཞིང་ཆེན་སོགས་ཞིང་ཆེནདང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་དགུ་ཡིས་ལག་བསྟར་བྱེད་འགོ་ཚུགས་པ་རེད།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་ནོར་སྲིད་པུས་སྤྱི་ལོ༢༠༡༩ལོའི་གྲོང་མིའི་རྒན་གསོའི་ཐེབས་རྩའི་མངགས་བཅོལ་མ་འཇོག་ལས་དོན་སྤེལ་འགོ་ཚུགས་པའི་ཞིང་ཆེན་གྱི་མིང་ཐོ་ཞིབ་འཇུག་བྱས་ནས་གཏན་འཁེལ་བྱས་པ་དང་། དེའི་དག་ཁག་སོ་སོ་ནི་ཧེ་པེ་ཞིང་ཆེན་དང་། ཅི་ལིན་ཞིང་ཆེན། ཅང་སུའུ་ཞིང་ཆེན། ཀྲེ་ཅང་ཞིང་ཆེན། ཨན་ཧུའེ་ཞིང་ཆེན། ཧྥུའུ་ཅན་ཞིང་ཆེན། ཧོ་ནན་ཞིང་ཆེན། ཀོང་ཏུང་ཞིང་ཆེན། མཚོ་སྔོན་ཞིང་ཆེན་བཅས་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བཀྲ་ཤིས་དབང་རྒྱལ།