སྤྱི་ལོ་༢༠༡༨ལོའི་ཀྲུང་དབྱང་ཁེ་ལས་ཀྱི་ཡོང་འབབ་དང་ཁེ་སྤོགས་ལ་གྲངས་གནས་གཉིས་ཀྱི་འཕར་སྣོན་བྱུང་བ།
སྤེལ་བའི་དུས་ཚོད། : 2019-01-16 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་གྲངས་གཞི་ལས་མངོན་པར། འདས་ཟིན་པའི་ལོ་གཅིག་ནང་ཀྲུང་དབྱང་ཁེ་ལས་ཀྱི་ཡོང་འབབ་དང་ཁེ་སྤོགས་ལོ་རྒྱུས་ཐོག་གི་ཆུ་ཚད་ཡག་ཤོས་སུ་སླེབས་ཡོད་པ་དང་། ཆ་སྙོམས་རྒྱུ་ནོར་གྱི་བུ་ལོན་ཟུག་ཚད་བརྒྱ་ཆ་༦༥.༧ཆག་ཡོད་པ་རེད།

སྤྱི་ལོ་༢༠༡༨ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ཁོངས་གཏོགས་ཀྱི་ཁེ་ལས་ཀྱི་ཡོང་འབབ་སྒོར་དྲུང་ཕྱུར་ལྔ་འབུམ་བཞི་ཁྲི་བརྒྱད་སྟོང་ལ་སླེབས་ཡོད་པ་དང་། དུས་མཚུངས་དང་བསྡུར་ན་བརྒྱ་ཆ་༡༠.༣འཕར་ཡོད་པས། ཁེ་སྤོགས་ཀྱི་སྤྱི་འབོར་སྒོར་དྲུང་ཕྱུར་སུམ་འབུམ་བཞི་ཁྲི་མངོན་གྱུར་བྱུང་བ། དུས་མཚུངས་དང་བསྡུར་ན་བརྒྱ་ཆ་༡༣.༢འཕར་ཡོད། དེའི་ནང་། ཀྲུང་དབྱང་ཁེ་ལས་ཁེ་གཉེར་གྱི་ཡོང་འབབ་སྒོར་དུང་ཕྱུར་ཉིས་འབུམ་དགུ་ཁྲི་ཟིན་ཡོད་པ་དང་། ཁེ་སྤོགས་ཀྱི་སྤྱི་འབོར་སྒོར་དུང་ཕྱུར་གཅིག་ཁྲི་བདུན་སྟོངམངོན་གྱུར་བྱུང་བ། དུས་མཚུངས་དང་བསྡུར་ན་བརྒྱ་ཆ་༡༦.༧འཕར་སྣོན་བྱུང་ཡོད་པས། ཡོང་འབབ་དང་ཁེ་སྤོགས་ཀྱང་ལོ་རྒྱུས་ཐོག་གི་ཆུ་ཚད་ཡག་ཤོས་སུ་སླེབས་ཡོད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཤའོ་ཡ་ཆིང་གིས། རྒྱལ་ཁོངས་ཕྱི་ནང་གི་དཔལ་འབྱོར་གནས་བབ་ཛ་དྲག་པོ་ཡོད་པ་དང་། ཉེན་ཁ་དང་འགྲན་རྩོད་ཀྱང་ཟམ་མི་ཆད་པར་ཆེ་རུ་འགྲོ་བའི་གནས་ཚུལ་འོག གྲུབ་འབྲས་དེ་ལྟ་བུ་ཐོབ་པར་ལས་སླ་པོ་མིན། ཀྲུང་དབྱང་ཁེ་ལས་ཀྱི་བུན་ཟོག་ཉུང་གཏོང་གི་བུ་ལོན་ཟུག་ཚད་ཉུང་དུ་གཏོང་བའི་ཕན་ནུས་མངོན་གསལ་དོད་དུ་ཕྱིན་ཡོད། སྤྱི་ལོ་༢༠༡༨ལོའི་བར་སླེབས་དུས། ཀྲུང་དབྱང་ཁེ་ལས་ཀྱི་ཆ་སྙོམས་རྒྱུ་ནོར་གྱི་བུ་ལོན་ཟུག་ཚད་བརྒྱ་ཆ་༦༥.༧བར་ཆགས་ཡོད་པ་དང་། དུས་མཚུངས་དང་བསྡུར་ན་བརྒྱ་ཆའི་གནས་༠.༦ཆགས་ཡོད། གྱོང་གུན་ཕོག་པའི་ཁྲོམ་ཞུགས་ཀུང་སིའི་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲོམ་ཞུགས་ཀུང་སི་ཉིས་ཤུ་རྩ་གསུམ་གྱི་ནམ་དུས་དང་པོ་དང་གསུམ་པའི་བར་གྱི་གྱོང་གུན་ཕོག་ཚད་དུས་མཚུངས་དང་བསྡུར་ན་བརྒྱ་ཆ་༩༡ཆགས་ཡོད་པ་དང་། དེའི་ནང་ཀུང་སི་༡༡གི་གྱོང་གུན་ཕོག་པ་ནས་ཁེ་སྤོགས་ཐོབ་པར་གྱུར་ཡོད་པ་རེད།

ཤའོ་ཡ་ཆིང་གིས། སྤྱི་ལོ་༢༠༡༨ལོའི་ཀྲུང་དབྱང་ཁེ་ལས་ཀྱིས་མ་རྐང་ཁྲོམ་ར་ དང་། རྒྱུ་ནོར་ཐོན་དབང་ཁྲོམ་ར་བཅས་ནས་མཉམ་བསྲེས་དབང་བའི་ལམ་ལུགས་ཀྱི་སྒྱུར་བཅོས་བྱས་པས། དེ་ཁོ་ནར་བརྟེན་པས་སྤྱི་ཚོགས་ཀྱི་རྒྱུ་ནོར་སྒོར་དུང་ཕྱུར་༡༧༥༠ཟིན་ཡོད། ཞིང་ལྗོངས་དང་གྲོང་ཁྱེར་ཁག་གི་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་དོ་དམ་བྱས་པའི་རིམ་ཁག་ཁེ་ལས་ནང་མཉམ་བསྲེས་དབང་བའི་ལམ་ལུགས་ཀྱི་ཁེ་ལས་ཀྱི་བཟུང་ཚད་བརྒྱ་ཆ་༤༥.༩ཟིན་ཡོད། ཀྲུང་དབྱང་ཁེ་ལས་ཀྱིས་མ་རྐང་ཚོད་འཛིན་བྱས་པའི་ཁྲོམ་ཞུགས་ཀུང་སི་༨༡ལ་མ་རྐང་དབང་ཆའི་སྐུལ་ལྕག་ལག་བསྟར་བྱས་ཡོད་པ་དང་། ཁོང་གཏོགས་ཀྱི་ཚན་རྩལ་རྣམ་པའི་ཁེ་ལས་སུམ་ཅུའི་མ་རྐང་དབང་ཆ་དང་། ཁེ་བཟང་སྤྲོད་པའི་སྐུལ་མ་གཏོང་བའི་ཇུས་གཞི་དེ་ཡང་ལག་བསྟར་གྱི་དུས་མཚམས་སུ་སླེབས་ཡོད། སྤྱི་ལོ་༢༠༡༩ལོར། ཚབས་ཆེའི་ཉེན་ཁ་འགོག་སྲུང་དང་སེལ་རྒྱུ་དེ་སྔར་བས་འབུར་ཐོན་གྱི་གནས་སའི་ཐོག་བཞག་ནས། རིགས་མི་འདྲ་བའི་ཉེན་ཁ་མང་དུ་ཕྱིན་པར་སྔོན་འགོག་བྱས་ནས། ཚབས་ཆེའི་ཉེན་ཁ་མི་ལྷག་རྒྱུའི་འགན་ལེན་བྱེད་དགོས། pppརྣམ་གྲངས་ལ་མུ་མཐུད་ནས་གཙང་སེལ་བྱེད་དགོས་པ་དང་། མ་འཇོག་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། ནོར་དོན་ཐེག་ཚད་ལས་བརྒལ་བའི་མ་འཇོག་བྱེད་པའི་བྱ་སྤྱོད་ལ་ཚོད་འཛིན་ནན་པོ་བྱེད་པ། བུ་ལོན་མང་པོ་ཡོད་པའི་ཁེ་ལས་ཀྱིས་བུ་ལོན་ཟུག་ཚད་མཐོ་བའི་རྣམ་གྲངས་ལག་བསྟར་བྱེད་དུ་བཅུག་མི་ཆོག་ཅེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།