སི་ཁེ་ཕི་(Skype)གླེང་མོལ་མཉེན་ཆས་ངོ་སྤྲོད་བྱས་པ།

  སི་ཁེ་ཕི Skype ནི་འཛམ་གླིང་སྟེང་སྤྱོད་རྒྱ་ཆེ་ལ་གསང་རྒྱ་དམ་པའི་གླེང་མོལ་མཉེན་ཆས་ཤིག་ཡིན། སི་ཁེ་ཕི་ཚོགས་པས་མི་སྒེར་གྱི་གསང་དོན་ལ་ཁྲིམས་མཐུན་འགན་ལེན་ནུས་པ་ཡིན། མཉེན་ཆས་དེ་སྐད་རིགས་མི་འདྲ་བ་མང་པོར་ཕབ་འདུག་པ་དང་། དྲ་ཐོག་ནས་ཟླ་གླ་སྤྲད་ན་རྒྱལ་ཁབ་སུམ་ཅུ་ལྷག་གི་སྐུད་ལྡན་ཁ་པར་ལ་དུས་ཚད་མེད་པར་ཁ་བརྡ་བྱས་ཆོག་པ་མ་ཟད། རྒྱལ་ཁབ་ལ་ལའི་ལག་འཁྱེར་ཁ་པར་ལའང་བཏང་ཆོག དེའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་ནི་རྒྱལ་སྤྱིའི་སི་ཁེ་ཕི་ཚོགས་པའི་དྲ་གནས་http://www.skype.com/intl/zh-Hans/features/ དྲ་ བྱང་དེ་ལ་སྐད་རིགས་མང་པོ་ཡོད་ཀྱང་བོད་ཡིག་མི་འདུག གལ་སྲིད་མི་གཉིས་ཀྱིས་སི་ཁེ་ཕི་ནས་སྒྲ་གཟུགས་ཡིག་གསུམ་གྱི་ཁ་བརྡ་བྱས་ན། དེའི་བར་ནས་གཞན་གྱིས་ཁ་བརྡའི་གནས་ཚུལ་ལྐོག་ཉན་དང་རྐུ་འཁྱེར་མི་ནུས། དཔེར་ན། འཇར་མན་སྲིད་གཞུང་གིས་འཇིགས་སྐུལ་བའི་གནས་ཚུལ་ལ་དམིགས་ནས་སི་ཁེ་ཕི་ཡི་བརྡ་འཕྲིན་ལ་ལྐོག་ཉན་བྱ་བསམ་ཡང་། སི་ཁེ་ཕི་ཡི་བརྡ་འཕྲིན་མ་ལག་ནི་གསང་རྒྱ་ཤིན་ཏུ་དམ་པས་ལྐོག་ཉན་བྱ་ཐབས་ཟད་པར་བཤད།

  བཀྲ་མི་ཤིས་པ་ཞིག་ལ། ༢༠༠༧ལོ་ནས་བཟུང་། སི་ཁེ་ཕི་ཚོགས་པའི་ཡན་ལག་ཅིག་གིས་དྲ་ཐོག་ཁྲོམ (Tom Online) ཞེས་པའི་ཚོགས་པ་དང་མཉམ་འབྲེལ་གྱིས་ Tom Skype ཞེས་པའི་ཀྲུང་གོའི་པར་གཞི་ཞིག་གསར་དུ་བཏོད། རྗེས་སུ་ཕྱི་རྒྱལ་བ་ཚོས་རྒྱ་ནག་ཏུ་Skype ཕབ་ལེན་དང་གསར་བསྒྱུར་བྱས་པའི་ཚེ། ཀྲུང་གོའི་དྲ་རྒྱ་མ་ལག་གིས་ཁོ་ཚོ་གདམ་ང་མེད་པར་Tom Skype ཡི་ཕལ་ལེན་དྲ་ཚིགས་སུ་ཁ་བསྒྱུར། དེའི་མཚུངས་སུ་རྒྱལ་སྤྱིའི་སྟེང་གི་བརྡ་འཕྲིན་ལག་རྩལ་པ་ཁ་ཤས་ནས Tom Skype ཡི་མཉེན་ཆས་ནང་དུ་བེད་སྤྱོད་མཁན་གྱི་མི་ཁུངས་དང་ཁ་བརྡའི་ནང་དོན་ལ་སོ་ལྟ་བྱེད་པའི་མ་ལག་ཡོད་པ་ར་སྤྲོད་བྱུང་། བརྡ་འཕྲིན་ལག་རྩལ་པ་ལ་ལས་Skype ཚོགས་པ་ལ་Tom Skype ཡིས་མི་སྒེར་གྱི་གསང་དོན་ལ་ཁྲིམས་འགལ་སོ་ལྟ་བྱེད་མིན་ལ་དོགས་འདྲི་དང་གླེང་སློང་བྱས་པས། དེའི་འགན་འཛིན་གྱིས་་ཀྲུང་གོ་རུ་Skype ཚོགས་པའི་ཁེ་ལས་གཉེར་དགོས་ན། རྒྱལ་ཁབ་དེའི་གཞུང་གི་འགྲོ་ལུགས་ལ་མི་བསྟུན་ཐབས་མེད་ཡིན་ཚུལ་གསལ་བཤད་བྱས། དེས་གང་ཤེས་ཞེ་ན། Tom Skype ལ་ཀྲུང་གོ་གཞུང་གིས་སོ་ལྟ་དང་ཐེ་གཏོགས་བྱས་ཡོད་པ་བསྟན། གལ་སྲིད་མི་ཞིག་གིས་སྲིད་གཞུང་གིས་སོ་ལྟའི་ཁྱབ་ཁོངས་ན་ཡོད་པའི་ཐ་སྙད་རིགས་ Tom Skype ནས་ཕར་གཏོང་ཚུར་ལེན་བྱས་ན། Tom Skype ཡི་མཉེན་ཆས་ནང་གི་སོ་ལྟ་མ་ལག་གིས་ཐ་སྙད་དེའི་རིགས་ཀྲུང་གོ་སྲིད་གཞུང་གི་དྲ་རྒྱ་སོ་ལྟའི་དོ་དམ་པར་མཁོ་སྤྲོད་བྱེད་པ་དང་། མི་དེ་སུ་ཡིན་རྩད་གཅོད་བྱ་ཐུབ་ཡིན། ཞོར་དུ་གསལ་བཤད་བྱ་དགོས་པ་ནི། རྒྱལ་སྤྱིའི Skype མཉེན་ཆས་ནི་སྐད་རིགས་མང་པོར་ཕབ་ཡོད་པ་དང་། དེའི་ནང་རྒྱ་ཡིག་ཀྱང་ཡོད་པས། Skype རྒྱ་ཡིག་ཡིན་ན། Tom Skype ཡིན་པས་མ་ཁྱབ།

  འོ་ན། ང་ཚོས་གསང་རྒྱ་དམ་པའི་རྒྱལ་སྤྱིའི་Skype དང་ཀྲུང་གོ་སྲིད་གཞུང་གི་སོ་ལྟ་འོག་ཏུ་ཡོད་པའི Tom Skype གཉིས་ཇི་ལྟར་དབྱེ་བ་འབྱེད་དགོས་སམ་ཞེ་ན། གང་འཁོད་རི་མོ་དེ་དཔྱད་གཞིར་བཟུང་ནས་འདི་ལྟར་བྱ་དགོས་སྟེ། རྒྱལ་སྤྱིའི་སི་ཁེ་ཕི་Skype འམ་ Tom Skype དེ་གཉིས་གང་རུང་གི་སྒེའུ་ཁུང་གི་བང་རིམ་གཉིས་པ་རུ། རྒྱ་ཡིག་གི帮助འམ་དབྱིན་ཡིག་གི་help ཞེས་པའི་མིང་དེ་མནན་ན། དཔྱང་ཐོའི་མཇུག་ཏུ་རྒྱ་ཡིག་གི་关于skype འམ་དབྱིན་ཡིག་གི་about skype ཞེས་པ་ཡོད་པ་དང་། དེ་མནན་ན་ཁྱོད་ཀྱིས་བེད་སྤྱོད་པའི་སི་ཁེ་ཕིའི་པར་གཞི་གང་ཡིན་གྱི་གསལ་བཤད་འཆར། དེའི་ཚེ་གོང་འཁོད་རི་མོ་ནང་གི་རྟགས་1 དེ་ཡོད་ན་ཀྲུང་གོ་སྲིད་གཞུང་གི་ཚོད་འཛིན་ཐེབས་པའི་Skype ཡིན། རྒྱལ་སྤྱིའི་སི་ཁེ་ཕི་ཡིན་ན་རྟགས་འདི་མེད། རི་མོ་ནང་གི་རྟགས་2 ལྟར་Skype ཞེས་པའི་མཇུག་གི་TM ཞེས་པའི་དབྱིན་ཡིག་གི་ཡིག་འབྲུ་འདི་གཉིས་ལ་གུག་རྟགས () བཀོད་ཡོད་ན། ཀྲུང་གོ་གཞུང་གི་ཚོད་འཛིན་ཐེབས་པའི་Skype ཡིན། རྒྱལ་སྤྱིའི་སི་ཁེ་ཕི་ཡིན་ན་TM ཞེས་པའི་ཡིག་འབྲུ་གཉིས་པོ་ནི་Skype ཞེས་པའི་མཐའ་མའི་ཡིག་འབྲུ e ཡི་གཡས་ཟུར་གྱི་གོང་ན་ཡོད།ཀྲུང་གོར་ཡོད་པའི་Skype བེད་སྤྱོད་མཁན་ཚོས་Skype ཚོགས་པའི་དྲ་བ www.skype.com ནས skype ཕབ་ལེན་བྱས་ཀྱང་། ཀྲུང་གོའི་དྲ་རྒྱ་མ་ལག་གིས་རང་ཚོད་ཀྱིས་http://skype.tom.com གྱི་ཕབ་ལེན་དྲ་ངོས་ས་ཁ་བསྒྱུར་བ་ཡིན། དེའི་ཕྱིར་ཕབ་ལེན་དྲ་བྱང་གང་ཡིན་ལ་གསལ་བོར་ལྟ་དགོས། ཇི་ལྟར་བྱས་ཀྱང་རྒྱལ་སྤྱིའི་Skype ཕབ་ལེན་མི་ཐུབ་ན། ཕྱི་རྒྱལ་དུ་ཡོད་པའི་དྲ་གྲོགས་ཤིག་ལ་ཕབ་ལེན་བྱེད་དུ་བཅུག་རྗེས་བསྐུར་ན་འཐུས། མཉམ་འཇོག་དགོས་པ་ནི། སི་ཁེ་ཕི་མཉེན་ཆས་ཁ་ཚང་ཕབ་ལེན་མ་བྱས་པར། ནང་འཇུག་གི་རོགས་རམ་ཡིག་ཆ་ཙམ་ཕབ་ན་དྲ་ཐོག་ནས་ནང་འཇུག་བྱ་དགོས་པས། སླར་ཡང་ཀྲུང་གོའི་ Tom Skype ཡི་དྲ་བྱང་http://skype.tom.com འདི་ལ་ཁ་བསྒྱུར་བ་ཡིན། དེར་བརྟེན། ཕབ་ལེན་བྱ་བའི་ཚེ། སི་ཁེ་ཕི་མཉེན་ཆས་ཆ་ཚང་༼Skype Full ༽ཕབ་ལེན་བྱ་དགོས།

  རྒྱལ་སྤྱིའི་སི་ཁེ་ཕི་མཉེན་ཆས་ཆ་ཚང་ཕབ་ལེན་གྱི་དྲ་བྱང་ནི། http://www.skype.com/go/getskype-full ཡིན།

 2011 ལོར་སི་ཁེ་ཕི་ཚོགས་པས་སི་ཁེ་ཕི་གླེང་མོལ་མཉེན་ཆས་པར་དབང་དེ་མའེ་ཁི་སོ་ཧྥུ་ཏྲ་༼Microsoft༽ཚོགས་པ་ལ་བཙོངས་པ་དང་། ད་ལྟ་ཚོགས་པ་དེའི་དྲ་ཕྲིན་Hotmail ཡི་ཐེམ་ཐོ་ཡོད་ན། ཐད་ཀར་དེའི་ཁ་བྱང་དང་གསང་གྲངས་བརྒྱུད་ནས་སི་ཁེ་ཕིའི་དྲ་ལམ་དུ་གཞུག་ཆོག་པ་མ་ཟད། དེའི་དྲ་ཐོག་གླེང་མོལ་མེ་སིན་ཇིར༼Messenger༽ཡི་དྲ་གྲོགས་རྣམས་སི་ཁེ་ཕི་དང་གཅིག་གྱུར་བྱས་ཆོག