འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་28ཉིན།

༄༅༎ལེའོ་ཉིང་གི་སློབ་གྲྭ་འབྲིང་ཆུང་གི་དགེ་སློབ་ཚོས་གྲགས་ཅན་སློབ་གྲྭའི་སྤུས་ལེགས་སློབ་གསོའི་
ཐོན་ཁུངས་མཉམ་སྤྱོད་བྱེད་ཆོག་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་28ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཧྲེན་དབྱང་ནས་ཟླ་5ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ལེའོ་ཉིང་ཞིང་ཆེན་སློབ་གསོ་ཐིང་གིས། ལེའོ་ཉིང་སློབ་གསོ་སློབ་གླིང་གིས་བཙུགས་པའི“ལེའོ་ཉིང་གི་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཀྱི་དྲ་ཐོག་ཞབས་ཞུའི་མནའ་འབྲེལ”གྱི་དྲ་ཚིགས་ཚོད་ལྟར་སྤྱོད་རྒྱུའི་བརྡ་ཐོ་བཏང་བ་རེད། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་དགེ་སློབ་ཚོས་དུས་གང་རུང་དང་གནས་གང་རུང་དུ་དྲ་ཚིགས་ལ་ཞུགས་ཏེ་ལེའོ་ཉིང་ཞིང་ཆེན་ཚོད་ལྟའི་སློབ་འབྲིང་སོགས་ཞིང་ཆེན་ནང་ཁུལ་གྱི་སློབ་གྲྭ་གྲགས་ཅན་9ཡིས་མཁོ་འདོན་བྱས་པའི་སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་བྱེད་ཆོག་གི་ཡོད་པ་རེད།
     མནའ་འབྲེལ་གྱི་ཁག་དང་པོའི་ཁོངས་མིའི་ཚན་པའི་གྲས་སུ་སློབ་ཆུང་དང་། དམའ་འབྲིང་། མཐོ་འབྲིང་བཅས་སློབ་མཚམས་མི་འདྲ་བའི་སློབ་གྲྭ་གྲགས་ཅན་9ཡོད་ཅིང་། མཉམ་སྤྱོད་ཐུབ་པའི་ནང་དོན་གྲས་སུ། སློབ་ཚན་ཐུང་ངུ་དང་། སློབ་ཁྲིད་དངོས་ཀྱི་བརྙན་ལམ། བརྙན་ཐུང་། སྦྱང་གཞི་སོགས་ཀྱི་ཐོན་ཁུངས་སྣ་ཚོགས་ཡོད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ཟླ་5ཚེས་21ཉིན་བར། སློབ་གྲྭ་གྲགས་ཅན་9ཡིས་སློབ་གསོའི་ཐོན་ཁུངས་སྣ་ཚོགས་20000ལྷག་ཙམ་དྲ་ཐོག་ཏུ་སྐྱེལ་ཟིན་ཞིང་། དེའི་གྲས་སུ་སློབ་ཆུང་དང་། དམའ་འབྲིང་། མཐོ་འབྲིང་བཅས་ཀྱི་སློབ་ཚན་ཚང་མ་ཚུད་ཡོད་པ་རེད།
     ལེའོ་ཉིང་སློབ་གསོའི་སློབ་གླིང་གིས་ཚོད་ལྟར་སྤྱོད་རིང་སྒོ་དབྱེའི་རྨང་གཞིའི་ཐོག་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་དགེ་སློབ་ཀྱིས་བཏོན་པའི་བསམ་འཆར་དང་དགོས་མཁོར་ཟུང་འབྲེལ་བྱས་ནས“ལེའོ་ཉིང་གི་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཀྱི་དྲ་ཐོག་ཞབས་ཞུའི་མནའ་འབྲེལ”གྱི་དྲ་ཚིགས་ལ་སྤྱི་ཡོངས་ནས་འཆར་འགོད་དང་། རྩེ་རིམ་ཇུས་འགོད། ཚད་གཞི་གཅིག་གྱུར། ཚད་དང་ལྡན་པ་བཅས་ཡོང་བ་བྱས་ཏེ་སློབ་མཚམས་མི་འདྲ་བ་དང་རིམ་པ་མི་འདྲ་བའི་སློབ་སྦྱོང་བྱེད་མཁན་ལ་རིགས་མང་པོའི་སློབ་སྦྱོང་ཐོན་ཁུངས་མཁོ་འདོན་བྱས་ནས་རང་གཤིས་ཅན་གྱི་རང་རྟེན་སློབ་སྦྱོང་གི་དགོས་མཁོ་སྐོང་རྒྱུ་ཡིན་པ་རེད།