མཚོ་བོད་མཐོ་སྒང་ནསVརླངས་སྣུམ་ཐོན་སྐྱེད་བྱེད་མགོ་ཚུགས་པ།

  མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ༡༡པའི་ཚེས༢ཉིན་བར་དུ། ན་གོར་མོའི་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭའི་རྒྱལ་ཁབ་ཀྱི་རིམ་པའི་ལྔ་བའི་རླངས་སྣུམ་གྱི་རྒྱུ་སྤུས་རིམ་སྤར་གྱི་རྣམ་གྲངས་དེ་གཉེར་ནས་ཉིན་བཅུ་རིང་འགོར་ཟིན་ལ། ཉིན་དེ་དག་ནང་ཐོན་རྫས་ཚད་ལྡན་ཐོན་སྐྱེད་གེགས་མེད་བདེ་བླག་ངང་བྱེད་ཐུབ་བྱུང་བས། མཚོ་བོད་མཐོ་སྒང་ལ་རྒྱལ་ཁབ་ཀྱི་རིམ་པ་ལྔ་བའི་རླངས་སྣུམ་ཐོན་སྐྱེད་ཀྱི་ཆ་རྐྱེན་དང་ནུས་པ་ལྡན་པ་དེ་མཚོན་ཐུབ།༼Vརླངས་སྣུམ་ཞེས་པ་ནི་རྒྱལ་ཁབ་ཀྱི་ཚད་གཞི་རིམ་པ་ལྔ་བ་ལ་གོ་བ་སྟེ། རྒྱལ་ཁབ་ཀྱིས་རླངས་སྣུམ་འབུད་བསྐྱར་ཚད་ལྡན་གྱི་རིམ་པ་ཞིག་རེད། ཚད་གཞི་འདིས་སྣུམ་གྱི་རྒྱུ་སྤུས་ལ་བཟུང་བའི་ཚད་གཞི་ཅུང་མཐོ་བ་མ་ཟད། ཡོ་རོབ་གླིང་གི་རླངས་སྣུམ་འབུད་བསྐྱར་གྱི་ཚད་གཞི་ལ་ཟུར་ལྟ་བྱས་པ་ཞིག་རེད།

  

    ན་གོར་མོའི་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭ་དེ་མཚོ་བོད་མཐོ་སྒང་དུ་ཆགས་ཤིང་། མཚོ་སྔོན་དང་བོད་ལྗོངས་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་། རྒྱལ་སྲུང་འཛུགས་སྐྲུན་ལ་རོགས་འདེགས། མཐོ་སྒང་གི་ཐོན་སྐྱེད་སྲུང་སྐྱོང་བཅས་ཀྱི་འགན་འཁྲི་ཆེན་པོ་ལྡན ། ན་གོར་མོ་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭས་ཉེ་བའི་ལོ་འགའི་སྣོད་བཅུད་དཔལ་ཡོན་དང་། སྣོད་བཅུད་ཞིང་ཆེན་བཏོད་པ། ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་གསར་བ་སོགས་བླང་བྱ་དང་གནས་བབ་གསར་བ་རབ་དང་རིམ་པར་ཁ་ཕྱོགས་ནས་ཐོག་མཐར་བར་གསུམ་དུ་འཁོར་སྐྱོད་དཔལ་འབྱོར་དར་སྤེལ་དམིགས་འབེན་དུ་བཟུང་སྟེ། རྡོ་སྣུམ་བཙོ་སྦྱང་རྫས་འགྱུར་ཐོན་སྐྱེད་དང་འཁོར་རྒྱུག་བྱེད་སྟངས་ཇེ་ལེགས་དང་། ནུས་ཁུངས་གཙང་མའི་ཐོན་རྫས་ཐོན་སྐྱེད་ལ་ཤུགས་བསྣན་པར་བརྟེན་ནས་མཚོ་སྔོན་དང་བོད་ལྗོངས་ཀྱི་དཔལ་འབྱོར་གོང་སྤེལ་དང་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་རོགས་བྱས། རྣམ་གྲངས་འདི་ན་གོར་མོ་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭའི་༢༠༡༦ལོའི་འཛུགས་སྐྲུན་རྣམ་གྲངས་གཙོ་བོ་ཞིག་རེད། རྣམ་གྲངས་འདི་འཛུགས་གཉེར་བྱས་རྗེས་རླངས་སྣུམ་ཐོན་རྫས་ནང་གི་མུ་སི་འདུས་ཚད་དེ་སྔོན་གྱི་ppm150ཡས་མས་ནས་ppm10ཇེ་ཉུང་དུ་བཏང་ཡོད་པས། རླངས་སྣུམ་གྱི་རྒྱུ་སྤུས་དེ་རྒྱལ་ཁབ་ཀྱི་རིམ་པ་Ⅳནས་རིམ་པ་Vལ་བདེ་བླག་ངང་སྤར་ཐུབ།

  ལོ་ཙཱ་བ། ཁོན་ཐར་འཚོ།