བོད་མིའི་སེམས་ཁམས།(༢)

  སེམས་ཁམས་འཕྲོད་བསྟེན་གྱི་གོ་རྟོགས་སྤེལ་དགོས་པའི་གལ་ཆེའི་རང་བཞིན། དུས་རྒྱུན་ང་ཚོར་ཆམས་པ་ཙམ་བྱུང་ཡང་སྨན་པར་བསྟེན་པ་དང་སྨན་འཐུང་བཞིན་ཡོད། ཡིན་ན་ཡང་། སེམས་ཁམས་ལ་འཕྲད་དང་འཕྲད་བཞིན་པའི་དཀའ་ངལ་མང་པོ་ཞིག་སྣང་མེད་དུ་འཇོག་བཞིན་ཡོད། དོན་དངོས་ཐོག ལུས་ཀྱི་བདེ་ཐང་གལ་གནད་ཆེ་བ་དང་གཅིག་མཚུངས་སུ་སེམས་ཁམས་འཕྲོད་བསྟེན་དེ་ཡང་གལ་ཆེན་པོ་ཡིན།

  ཨ་རིར་མཚོན་ན། “སེམས་ཁམས་ན་ཚས་ལོ་རེའི་ནང་མི་དར་མ་སྤྱིའི་བརྒྱ་ཆ་བཅུ་དགུ་དང་། གཞོན་པ་(ལོ་༡༣་ནས་༡༩ བར་)སྤྱིའི་བརྒྱ་ཆ་བཞི་བཅུ་ཞེ་དྲུག བྱིས་པ་སྤྱིའི་བརྒྱ་ཆ་བཅུ་དྲུག་ཙམ་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད།[1]” (Holthaus, Yr unknown) སྤྱི་ཚོགས་ཁྱོན་ཡོངས་སུ་སེམས་ཁམས་འཕྲོད་བསྟེན་གནས་བབ་སྤྱི་དང་། ཁྱད་པར་དུ་སེམས་ཁམས་འཕྲོད་བསྟེན་གྱི་དཀའ་ངལ་ལམ་ནད་གཞི་ཕོགས་མཁན་ཚོའི་བདེ་སྡུག་དང་། ཁོང་ཚོའི་ལུས་སེམས་གཉིས་ཀྱི་བདེ་སྡུག་མ་ཤེས་པས། ཁོང་ཚོར་ཚོད་འཛིན་དཀའ་བ་དང་། སྔོན་དཔག་བྱེད་མི་ཐུབ་པ། ངེས་གཏན་མེད་པ་སོགས་ཀྱི་མིང་འདོགས་དང་། དངོས་ཡོད་དང་མི་འཚམས་པའི་རྒྱུ་མཚན་སྣ་ཚོགས་ཀྱིས་སྤྱི་ཚོགས་སྟེང་ནས་སེམས་ཁམས་ནད་པ་ཚོར་ལྟ་སྟངས་ངན་པ་འཛིན་མཁན་ཡོད།

  སེམས་ཁམས་ནད་པ་མང་པོ་ཞིག་ཀློག་མཁན་ཁྱོད་ཀྱི་མཐོང་ཕྱོགས་ངན་པའི་གནོད་ཐེབས་རྨས་མ་ཡིན་ཡང་སྲིད་པས། སེམས་ཁམས་འཕྲོད་བསྟེན་ཤེས་རྒྱུ་གལ་ཆེ།

 

  ཨོ་སུ་ཁྲུ་རེ་ལི་ཡ་ནུབ་རྒྱུད་(Western Australia)སྲིད་གཞུང་གི་སེམས་ཁམས་འཕྲོད་བསྟེན་ལྷན་ཚོགས་ཀྱིས་སྤྱི་ལོ་༢༠༠༦ ལོར་ཞིབ་འཇུག་བྱས་པ་ལྟར་ན། “མི་བཞི་རེའི་ནང་གི་གཅིག་གིས་ཡིད་ཞུམ་ནི་མི་རང་ཉིད་ཀྱི་ཞན་ཆའི་མངོན་རྟགས་ཤིག་ཡིན་པས། ཡིད་ཞུམ་ཡོད་མཁན་ཞིག་ལ་ལས་ཀ་སྤྲོད་མི་སྲིད་” ཟེར་བ་དང་། བཅར་འདྲི་བྱེད་སའི་མི་འབོར་སྤྱིའི་“གསུམ་ཆ་གཅིག་ཙམ་གྱིས་ཡིད་ཞུམ་སེམས་ནད་ཡོད་པའི་ཆབ་སྲིད་པ་ཞིག་ལ་འོས་མི་འཕེན་[2]”(Western Australia) ཟེར། སྤྱི་ཚོགས་ཀྱིས་དངོས་ཡོད་གནས་མ་ཤེས་པའི་དབང་གིས་སེམས་ཁམས་ནད་པར་དོན་དངོས་དང་མི་འཚམས་པའི་ལྟ་སྟངས་ཤིག་བཟུང་བ་དེས། སེམས་ཁམས་ནད་པའི་ཡིད་ལ་ “ངོ་ཚ་དང་། ལེ་བདའ། རེ་བ་ཟད་པ། སྡུག་བསྔལ་བ་” (Western Australia) སོགས་ཀྱི་ཚོར་བ་དང་མྱོང་བ་ཁ་སྣོན་རྒྱག་གི་ཡོད།

  ༢༠༠༥ ལོར་དབྱིན་ཇིའི་སེམས་ཁམས་གསོ་དཔྱད་དུས་དེབ་(British Journal of Psychiatric) སྟེང་བཀོད་པའི་”“ཧོང་ཀོང་ནང་གི་གས་སེམས་(Schizophrenia / 精神分裂症)ཕོགས་པའི་མི་རྣམས་ཀྱིས་སྤྱི་ཚོགས་ཀྱི་ལྟ་སྟངས་ངན་པ་ཉམས་སུ་མྱོང་སྟངས་””ཞེས་པའི་རྩོམ་ཡིག་ཏུ་གསལ་བ་ལྟར་ན། “གཅིན་སྙི་ཟ་ཁུ་ཡོད་མི་རྣམས་ཀྱིས་རང་རང་གི་ཁྱིམ་མི་དང་། བཟའ་ཟླ། གྲོགས་གྲོགས་མོ། ལས་རོགས་བཅས་ནས་ལྟ་ཚུལ་ངན་པ་ཉམས་སུ་མྱོང་ཚད་བརྒྱ་ཆ་བཅོ་ལྔ་དང་། གས་སེམས་ཕོགས་པའི་མི་རྣམས་ཀྱི་ལྟ་སྟངས་ངན་པ་ཉམས་སུ་མྱོང་ཚད་བརྒྱ་ཆ་བཞི་བཅུ་རེད[3]་”ཟེར། གནས་སྟངས་འདི་འདྲའི་འོག་ནས་མི་མང་པོས་སེམས་ཁམས་མི་བདེ་བའི་དཀའ་ངལ་རྣམས་རང་གཞན་ཀུན་ལ་གསང་རྒྱ་བྱེད་བཞིན་ཡོད། ཕྱིས་སུ་སེམས་ཁམས་འཕྲོད་བསྟེན་གྱི་དཀའ་ངལ་ཇེ་ཐུར་སོང་བས་སྤྱི་ཚོགས་སྟེང་རང་སྲོག་གཅོད་མཁན་ཇེ་མང་དུ་འགྲོ་བ་རེད།

  ལུང་ཁུངས།

  [1] Jean Holthaus, (Yr Unknown). The Importance of Mental Health Awareness. Pine Rest Mental Health Services Website. Retrieved on Aug. 20, 2016 from https://www.pinerest.org/mental-health-awareness/

  [2] Author Unknown (Yr Unknown) What is Stigma? Government of Western Austrialia Mental Health Commission’s Website. Retrieved on Aug. 19 2016 from http://www.mentalhealth.wa.gov.au/mental_illness_and_health/mh_stigma.aspx

  [3] Sing Lee, Margaret (2005). Experience of Social Stigma By People With Schizophrenia in Hong kong. Britishi Journal of Psychiatric. 186 (2) 153-157