《མེ་ཏོག་ཐང་གི་སྐྱོ་གར》ཞེས་པའི་གློག་བརྙན་ལ་སྦྱར་བའི་གཏམ་སིལ་བུ་མ།

  ཆ་འཕྲིན་གྱི་རྡུལ་རླབས་དྲག་པོ་ཞིག་གིས་འཇིག་རྟེན་འདིའི་མཁའ་དབྱིངས་ཡོངས་སུ་སྒྲིབ་པར་བྱེད་པའི་དུས་སྐབས་འདིར་ཁོ་བོས་ཀྱང་རང་གི་དགའ་ཕྱོགས་དང་མོས་འདུན་གྱི་དབང་གིས་བསྐུལ་ནས་ཡིག་ཐོག་རྩོམ་རིགས་ཀྱི་རྨང་གཞི་སྟེང་ནས་གློག་བརྙན་ཟློས་གར་གྱི་ལམ་ལ་ཞུགས་པའི་སྟ་གོན་ནི་རང་གི་དགའ་ཞེན་ཁོ་ན་ཙམ་མ་ཡིན་པར་མི་རིགས་དང་སྤྱི་ཚོགས་ལ་འགན་ཁུར་བཞིན་རྟགས་མཚན་ཅིག་ལས་མ་འདས་པ་རེད།

  http://v.youku.com/v_show/id_XNjIzMTAzODky.html?qq-pf-to=pcqq.c2c

  དེ་ཡང་གསལ་བོར་བཤད་ན་དེང་གི་དུས་འདིར་ཀློག་མཁན་དང་ལྟ་མཁན་སུ་ཞིག་ཡིན་རུང་ཡིག་ཐོག་རྩོམ་རིགས་རོལ་མྱོང་བྱེད་པའི་ཐད་ནས་སུན་སྣང་གིས་ཁེངས་པ་སྟེ་དེ་ལས་ལྡོག་སྟེ་གློག་བརྙན་ཟློས་གར་ལ་དགའ་མོས་ཡོད་པའི་ངང་ཚུལ་ཙམ་སྟོན་བཞིན་ཡོད་པ་རེད། དེ་བས་བདག་གིས་ཀྱང་སྤྱི་ཚོགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ། རྒྱལ་ཁབ་བདེ་འཇགས་ཀྱི་ཟུར་ཁ་ཙམ་ནས་གླེང་འདོད་པའམ་སྨྱུག་རྩེ་ནས་བརྡོལ་བར་རྔམ་པའི་སྒྱུ་རྩལ་བརྩམས་ཆོས་མང་པོ་ཞིག་གློག་བརྙན་ཞེས་པའི་ལས་འགན་འདི་ལ་སྐྱབས་སུ་བཅོལ་བ་ཡང་རང་རིགས་པ་དག་གིས་རང་རིགས་ཀྱི་འཚོ་བར་རྒྱུས་ལོན་མ་བྱས་པས་ཐབས་ཟད་འུ་ཐུག་གི་གདམས་གསེས་ཤིག་རེད་ཅེས་བརྗོད་ན་ཡང་མི་ཆོག་རྒྱུ་མེད་པ་འདྲ། དངོས་པོའི་དཔལ་ཡོན་གྱི་སྨུག་རྒྱུའི་ཀློང་དུ་འཁྱམས་པའི་རིགས་མཐུན་སྐོར་ཞིག་གིས་རང་གི་མེས་པོའི་བླ་ན་མེད་པའི་ཡུལ་སྲོལ་གོམས་འདྲིས་དང་དྭངས་གཙང་གི་བསམ་བློའི་ལྟ་བ། ཡང་དག་པའི་མི་ཆོས་རིང་ལུགས་ཀྱི་འཚོ་བ། ད་དུང་རྩྭ་ཐང་དང་སྦྲ་ནག ནོར་ལུག་དང་ལམ་ལུགས་སོགས་རྩ་བ་ནས་བརྗེད་ངེས་ཀྱིས་འཁྱེར་ལ་ཉེ་བ་སོགས་ལ་དྲན་སྐུལ་གྱི་ཆེད་དུ་ཡང་མ་ཡིན་པའི་གནས་ལུགས་ཡོད་སྲིད་པ་མ་རེད།

  http://v.youku.com/v_show/id_XNjIzMTA0MDQ4.html

  མེ་ཏོག་ཐང་གི་སྐྱོ་གར་ཞེས་པའི་གློག་བརྙན་ཐུང་ངུ་འདི་ལས་དྭ་ཕྲུག་ཏུ་ལུས་པའི་མིང་སྲིང་གཉིས་ཀྱི་དཀའ་སྡུག་གི་འཚོ་བའི་སྣང་བརྙན་ཞིབ་བརྗོད་བྱས་པ་བརྒྱུད་ནས་དཀའ་ངལ་ཅི་འདྲའི་ཆེ་རུང་སློབ་གྲྭར་འགྲོ་དགོས་པ་དང་། དབུལ་ཕོངས་ག་འདྲ་ཆེ་ཡང་རིག་གནས་སྦྱངས་དགོས་པའི་མི་ཆོས་རིང་ལུགས་པས་ཚད་མར་བརྩི་བའི་ངེས་ཤེས་དང་ལེན་བྱེད་དགོས་ཚུལ་བཀོད་ཡོད་ན་ཡང་། གློག་གི་གསལ་སྒྲིབ་དང་བརྙན་གྱི་ཁ་དོག སྒྲའི་ལེན་སྟངས་སོགས་ཀྱི་ཆ་ནས་ཞན་ཆ་མི་ཉུང་བ་ཞིག་ཡོད་སྲིད་པས་རྒྱ་ཆེ་ལྟ་མཁན་དག་གིས་གློག་བརྙན་གྱི་ཆེད་ལས་མ་སྦྱངས་ཤིང་དགའ་མོས་རྐྱང་རྐྱང་ཞིག་གིས་བཙན་གྱིས་འཐམ་བཞིན་པའི་མི་རིགས་ལ་དགའ་ཞིང་ཕ་ཡུལ་ལ་དུང་བ་ཞིག་གི་བསམ་པའི་བརྩེ་ཏུང་གི་དྲན་ལུགས་ལ་རམ་འདེགས་ཀྱི་ཁ་ཕྱོགས་རེ་སྟོན་པར་སྙིང་ནས་ཞུ་བ་ལགས།

  http://v.youku.com/v_show/id_XNjIzMTA0NDU2.html

  སླད་མར་བོད་ཀྱི་གློག་བརྙན་ལས་རིགས་ཀྱི་མྱུ་གུ་གསར་དུ་འབུས་བཞིན་པའི་དུས་སྐབས་འདིར་གློག་བརྙན་ལ་དགའ་མོས་ཡོད་པ་དག་གིས་ཕྱོགས་ཡོངས་ནས་རང་ནུས་ཅི་ལྕོགས་ཀྱིས་བོད་ཀྱི་གློག་བརྙན་ལས་རིགས་ཀྱི་བྱ་བ་འདི་ཁ་མི་ཚང་བ་ནས་ཚང་བ་དང་། ཚང་བ་ནས་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྒྱུར་དགོས་པ་གཞིར་བྱས་ནས་མི་རིགས་ཀྱི་རང་བཞིན་ལྡན་ལ་བརྩེ་དུང་གི་འདུ་ཤེས་ཡོད་པ། ལྟ་མཁན་གྱི་བསམ་ཚུལ་ལ་དམིགས་ནས་ཕབ་སྐྲུན་བྱེད་དགོས་པ་ལས། རང་གི་དྲན་ཚུལ་ཁོ་ན་ལས་བརྒལ་མེད་པ་དང་བོད་པའི་འཚོ་བ་དང་རིང་དུ་འདའ་བ། ཉན་རྒྱུ་དང་གོ་རྒྱུ་གང་ཡང་མེད་པ། བཅོས་བསྒྱུར་རང་བཞིན་དང་སྒུལ་ཤུགས་རང་བཞིན། འཚོ་བ་རང་བཞིན། མི་རིགས་རང་བཞིན། བསམ་བློའི་རང་བཞིན་སོགས་གང་ཡང་མེད་པར་གང་དྲན་དྲན་གྱིས་གློག་བརྙན་ལས་དོན་གཉེར་བ་ནི་ཧ་ཅང་མི་འོས་པའི་གནད་ཅིག་རེད་སྙམ་པ་ལགས། འདི་ནི་གློག་བརྙན་ཕབ་སྐྲུན་ལ་དགའ་ཞིང་གློག་བརྙན་ལས་རིགས་མི་ཤེས་པ་ཞིག་གི་བསམ་པའི་དྲན་ཚུལ་ལགས། འདི་ནི་སྒྱུ་རྩལ་ལས་དོན་ལ་དགའ་ཞིང་དུང་བའི་མི་བུ་ཕལ་བ་ཞིག་གི་འཆར་ཡན་ལགས། འདི་ནི་བོད་པའི་རུས་རྐང་ལས་ཟགས་པའི་བཙོ་མའི་གཤེར་ཁུ་ལགས། འདི་ནི་མཐར་གཏུགས་ན་ཁྱོད་དང་ང་ཡི་མེས་པོའི་གཅེས་ནོར་ཕྱོགས་སུ་སྒྲོགས་པའི་སེམས་ཀྱི་གསང་བ་ཡིན།

2013ལོའི10བའི་ཚེས17ཉིན།