འཚོལ་བཤེར།   
藏文频道
2019ལོའི་ཟླ་12ཚེས་25ཉིན།

༄༅།།རྔ་པ་ཀྲོའུ་ཧུང་ཡོན་རྫོང་ཨ་མོ་ཁོག་ཤང་། འབྲི་གཡག་གཡར་ནས་དབུལ་སྒྲོལ་ལམ་དུ་སྐྱོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 12ཚེས་25ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    སི་ཁྲོན་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཞུས་ཏེང་ལིན།
     ཟླ་12ཚེས་15ཉིན་གྱི་ཞོགས་པར། རྔ་པ་ཀྲོའུ་ཧུང་ཡོན་རྫོང་ཨ་མོ་ཁོག་ཤང་མ་ཁལ་ཁུག་གྲོང་ཚོའི་གྲོང་མི་དཀོན་མཆོག་ཚེ་དབང་གིས་ཕྱུ་པའི་ཕུ་ཐུང་གཡུགས་ཏེ་འབྲི་གཡག་ཁྱུ་གཅིག་འབྲོག་རའི་ཕྱོགས་སུ་འདེད་ཀྱིན་འདུག
   “འབྲི་གཡག་འདི་དག་ཚང་མ་ནི་གཡར་བ་ཡིན། ངེད་ཁྱིམ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་མ་རྩ་ཡང་ཡིན”ཞེས་དཀོན་མཆོག་ཚེ་དབང་གིས་འབྲི་རྣམས་རྩྭ་རར་དེད་རྗེས་རྩྭ་ཁ་བཟང་ས་ཞིག་ཏུ་བསྡད་དེ་གསར་འགོད་པ་དང་གླེང་མོལ་བྱས།
     ཆོས་ཉིད་རྡོ་རྗེ་ནི་ཨ་མོ་ཁོག་ཤང་རྒོད་ར་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན་ཞིང་། 2015ལོའི་ཟླ་6པར། གྲོང་ཚོའི་མཉམ་ལས་ཁང་སྟེ། ཧུང་ཡོན་རྫོང་ནོར་གཡང་འབྲི་གཡག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གིས་ཁོང་ལ་འབྲི་12གཡར་བ་དང་། འབྲི་དེ་དག་ནི་སོ་གཉིས་ཟིན་ནས་ཕ་སྦྱོར་གྱི་དུས་སུ་སླེབས་པ་ཤ་སྟག་རེད།
    “2015ལོ་ནས་2017ལོའི་བར། གཡར་བའི་འབྲི་དེ་དག་ལ་འོ་མ་བཞོ་རྒྱུ་ཡོད་པ་མ་ཟད། བེའུ་ཡང་བསྟུད་མར་བཙས་སོང”ཞེས་ཆོས་ཉིད་རྡོ་རྗེས་དགའ་ཚོར་ཆེན་པོས་བཤད།
     རྒོད་ར་གྲོང་ཚོའི་ཀྲུའུ་རེན་དཔལ་ལྡན་གྱིས་རྩིས་ཤིག་བརྒྱབ་པ་སྟེ། འབྲི་12ནས་ལོ་གཅིག་ལ་འོ་མ་རྒྱ་མ་4500བཞོས་པར་རིན་ཐང་སྒོར་ཁྲི་1.8ཙམ་ཟིན་གྱི་ཡོད། ལོ་གཉིས་ཀྱི་རིང་། ཆོས་ཉིད་རྡོ་རྗེའི་ཁྱིམ་ལ་གཡར་བའི་འབྲི་12ལས་ཁྱོན་བེའུ་12བཙས་པར་རིན་ཐང་སྒོར་ཁྲི་3ཟིན་གྱི་ཡོད། ཡོང་འབབ་གཉིས་པོ་ལས་ཆོས་ཉིད་རྡོ་རྗེའི་ཁྱིམ་ལ་ལོ་གཉིས་རིང་འབབ་འཕར་སྒོར་ཁྲི་6.6བྱུང་ནས་དབུལ་པོའི་གནས་ལས་བདེ་བླག་ངང་བསྒྲལ་ཡོད།
     2015ལོ་ནས་2019ལོའི་བར། ཨ་མོ་ཁོག་ཤང་རྒོད་ར་གྲོང་ཚོ་དང་མ་ཁལ་ཁོག་གྲོང་ཚོར་ཁྱོན་བསྡོམས་དུད་ཚང་དབུལ་པོ་28འབྲི་གཡག་གཡར་བ་ལས་དབུལ་པོའི་གནས་ལས་བསྒྲལ་བ་དང་། ད་དུང་དུད་ཚང་དབུལ་པོ་24དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་བཞིན་ཡོད།
     2015ལོའི་ཟླ་6པར། ཨ་མོ་ཁོག་ཤང་གིས་གྲོང་ཚོ་དབུལ་པོའི་ཐོན་ལས་གོང་འཕེལ་གྱི་མ་དངུལ་དང་། འབྲི་གཡག་ཐོན་ལས་གོང་འཕེལ་རྣམ་གྲངས་ཀྱི་མ་དངུལ། རོགས་སྐྱོར་མ་དངུལ་སོགས་བསྡུ་སྒྲིལ་བྱས་ཏེ་འབྲི་200ཉོས་ཤིང་། འབྲི་དེ་དག་རྒོད་ར་གྲོང་ཚོ་དང་མ་ཁལ་ཁོག་གྲོང་ཚོའི་མཉམ་ལས་ཁང་བརྒྱུད་གྲོང་ཚོ་གཉིས་པོའི་དུད་ཚང་དབུལ་པོ་14ལ་གཡར་ཡོད།
   “དུད་ཚང་དབུལ་པོ་འདི་དག་ཚང་མ་གསོ་ཚགས་བྱེད་འདོད་ཡོད་པ་དང་ནུས་པ་ཡོད་པ་ཤ་སྟག་རེད། གན་རྒྱའི་ནང་འབྲི་གཡག་འདི་དག་ལོ་གཉིས་གཡར་རྒྱུ་དང་། ལོ་གཉིས་ཀྱི་རིང་། འོ་མ་དང་བེའུ་ཕྲུག་ཚང་མ་དུད་ཚང་དབུལ་པོར་བདག་པ་དང་། དུས་ཚད་ཐིམ་རྗེས་གཡར་བའི་འབྲི་དེ་དག་མཉམ་ལས་ཁང་ལ་བསློགས་ཏེ་མཉམ་ལས་ཁང་གིས་སླར་ཡང་རེས་སྐོར་རྗེས་མའི་དུད་ཚང་དབུལ་པོར་གཡར་རྒྱུ་ཡིན”ཞེས་ཨ་མོ་ཁོག་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧོ་ཤའོ་ཆང་གིས་ངོ་སྤྲོད་བྱས།
     གསོ་ཚགས་དུད་ཚང་གི་གསོ་ཚགས་ཚན་རིག་དང་མཐུན་ལ་བདེ་འཇགས་ལྡན་པ་ཡོང་ཆེད། ཤང་སྲིད་གཞུང་གིས་ཆེད་མངགས་འབྲོག་ལས་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་དུད་ཚང་དབུལ་པོར་སློབ་ཚན་འཁྲིད་པ་མ་ཟད་དམར་ཁྲིད་ཀྱང་བྱས་པ་རེད། དབུལ་སྐྱོར་འབྲི་ཚང་མར་དངུལ་མང་པོ་བཏང་ནས་ཚོང་ལས་ཀྱི་འགན་བཅོལ་ཉོས་ཡོད་ཅིང་། གལ་ཏེ་བར་ཆད་འདྲ་བྱུང་ནས་འབྲི་གཡག་ཉུང་དུ་སོང་ཚེ་འགན་བཅོལ་དངུལ་དང་དེ་མཚུངས་ཀྱི་དབུལ་སྐྱོར་མ་དངུལ་ནས་ཁ་གསབ་སྤྲོད་ཀྱི་ཡོད། འབྲི་གཡར་བའི་དབུལ་སྐྱོར་བྱེད་སྟངས་ལ་ཐོག་མཐའ་བར་གསུམ་དུ་རིམ་པ་མང་པོས་ལྟ་སྐུལ་བྱེད་ཅིང་། ཤང་དང་གྲོང་ཚོ་རིམ་གཉིས་ཀྱིས་ལྟ་སྐུལ་དོ་དམ་ཚོགས་ཆུང་བཙུགས་པ་མ་ཟད། གྲོང་ཚོའི་ལས་བྱེད་པ་དང་གྲོང་མིའང་ལྟ་སྐུལ་ནང་ཞུགས་ཡོད།
     2015ལོ་ནས་2019ལོའི་བར། ཨ་མོ་ཁོག་ཤང་གིས་འབྲི་200གཡར་བའི་རྣམ་པའི་ཐོག་ནས་དབུལ་སྐྱོར་གྱི་ལས་འགན་རེས་སྐོར་གཉིས་བསྒྲུབས་པ་དང་། ཁྱོན་དུད་ཚང་དབུལ་པོ་28ལ་འོ་མ་སྤྱི་རྒྱ་ཁྲི་7.5བཞོ་རྒྱུ་བྱུང་བ་དང་བཙས་པའི་བེའུ་ཕྲུག་460ལྷག་ཙམ་ཟིན་གྱི་ཡོད།