ནད་ཡམས། (བཞི་པ།)

     ལོ་རེ་བཞིན་ནད་འབུ་ཕྲ་མོའམ་ཕྲ་སྲིན་གསར་པ་མང་པོ་སྐྱེ་འཕེལ་བྱུང་དང་འབྱུང་བཞིན་ཡོད་ལ། དེ་དག་གིས་བྱིས་པ་དང་ལོ་ལོན་མང་པོ་འཆི་ལམ་ལ་འདེད་ཀྱིན་ཡོད། ནད་འབུ་ཕྲ་མོ་དེ་དག་ལོ་རེ་ནས་ལོ་རེ་བཞིན་བསྟུན་འགྱུར་བྱེད་ཀྱིན་ཡོད། དེ་ནི་སྤྱི་ལོ་2013 ལོའི་དགུན་ཁའི་ནད་འབུ་ཕྲ་མོ་དེའི་རང་བཞིན་ནམ་ངོ་བོ་དེ་ 2014 ལོར་གཞན་ཞིག་ཏུ་འགྱུར་ཡོད་པ་རེད། དེ་བས། འཕྲོད་བསྟེན་ཚན་རིག་པ་ཚོས་ཀྱང་གནད་ལ་འཁེལ་བའམ། ནད་འབུ་དེ་དག་སྔོན་འགོག་བརྒྱ་ཆ་བརྒྱ་ཐམས་པ་བྱེད་ཐུབ་པའི་སྨན་ཞིག་གཏན་ནས་བཟོ་ཐུབ་ཀྱིན་མེད།

     དེ་འདྲའི་ནད་འབུ་རེ་ཟུང་ལ་ཚད་ལས་བརྒལ་བའི་སྟོབས་ཤུགས་རྒྱས་པ་དང་། དེ་ཉིད་མི་གཅིག་ནས་གཞན་ལ་འགོས་ནས་རྒྱ་ཆེར་ཁྱབ་པ་ཡིན་ན་དེ་ལ་ང་ཚོས་ནད་ཡམས་ཞེས་འབོད་ཀྱིན་ཡོད། སྤྱི་ལོ་1918 ལོའི་ཟླ་3 པ་ནས་སྤྱི་ལོ་1919 ལོའི་དཔྱིད་ཀའི་དབར་དུ་བྱུང་བའི་སི་པན་གྱི་ཆམ་རིམས་(Spanish flu) ཟེར་བ་དེས་ཟླ་བ་བཅུ་གཉིས་ནང་འཛམ་གླིང་ཁྱོན་ནས་མི་གྲངས་ས་ཡ་ལྔ་བཅུ་ནས་ས་ཡ་བརྒྱ་ལྷག་གི་སྲོག་འཕྲོག་ཡོད་པ་རེད། (history1900s)

    ཆམ་རིམས་འདི་ལ་སི་པན་ཆམ་རིམས་ཞེས་མིང་ཐོགས་ཡོད་མོད། ནད་ཡམས་འདིའི་འབྱུང་ཡུལ་ངོ་མ་གང་ཡིན་ད་ཆ་ད་དུང་གསལ་ཐག་ཆོད་པ་ཞིག་སུས་ཀྱང་ཤེས་ཀྱིན་མེད། སི་པན་རྒྱལ་ཁབ་ཏུ་ནད་ཡམས་འདིས་ཡུ་རོབ་ཀྱི་རྒྱལ་ཁབ་གཞན་དག་ལ་ཐེབས་པ་ལྟ་བུའི་ཤུགས་རྐྱེན་ཆེན་པོ་ཞིག་ཀྱང་ཐེབས་མེད་ལ། ཆམ་རིམས་འདིའི་འབྱུང་ཁུངས་ཀྱང་མིན། ཞིབ་འཇུག་པ་རེ་ཟུང་གིས་ནད་འབུ་འདི་ཐོག་མར་སྐྱེ་འཕེལ་བྱུང་ས་རྒྱ་ནག་སྐམ་ས་ཆེན་པོ་ཡིན་པར་བརྗོད་ཀྱིན་ཡོད།

    ལོ་རྒྱུས་ཡིག་ཚགས་སུ་འཁོད་པའི་ནད་པ་ཐོག་མ་ནི་ཨ་རིའི་ནུབ་དབུས་ཀྱི་གྲོང་ཁྱེར་ཁེན་ཟཱསི་(Kansas) ཡིན་ཞིང་། དེ་ག་ནས་འཛམ་གླིང་དམག་ཆེན་དང་པོའི་སྐབས་ཀྱི་དམག་དཔུང་བསྡུ་སྒྲིག་གིས་ཡུ་རོབ་ཁུལ་ཏུ་དམག་འཁྲུག་རྒྱག་པར་གཏོང་གིན་ཡོད།

སྤྱི་ལོ་1918 ལོར་བསྟུན་འགྱུར་འགྲོ་བཞིན་པའི་ནད་འབུ་ཕྲ་མོ་(virus) དེ་འཛམ་གླིང་དམག་ཆེན་དང་པོ་རྒྱག་བཞིན་པའི་དམག་ཁུལ་ནས་ཁྱབ་སྟེ། འཛམ་གླིང་ཁྱོན་གྱི་སྤྱི་མང་ནང་དུ་ཁྱབ་བརྡལ་དུ་སོང་བ་རེད།

ནད་ཡམས་འདིས་བྱིས་པ་དྭ་ཕྲུག་ཏུ་བསྐྱུར་བ་དང་། སློབ་གྲྭ་དང་བཟོ་གྲྭའི་སྒོ་བརྒྱབ་པ། རྒྱལ་ཁབ་མང་པོ་ཞིག་གི་ལས་བྱེད་པ་ནད་པར་གྱུར་བས་སྲིད་གཞུང་གི་བྱ་བ་མང་པོ་མཚམས་བཞག་དགོས་པ་ཞིག་བཟོས་པ་རེད།

དུས་ཡུན་ཟླ་བ་གཅིག་གི་ནང་དུ་ཨ་རི་གཅིག་བུ་ནས་མི་གྲངས་675000 ནད་ཡམས་འདིས་བསད་པ་དང་། ནད་ཡམས་འདི་སྟངས་འཛིན་བྱེད་མ་ཐུབ་བར་དུ་འཛམ་གླིང་ཁྱོན་ནས་མི་གྲངས་ས་ཡ་ཉི་ཤུ་ལྷག་རྐྱེན་འདས་སུ་གྱུར། (U.S. Department of Health and Human Services)

ནད་ཡམས་འདིའི་ནད་རྟགས།

   སྤྱི་ལོ་1918 ལོའི་སི་པན་ཆམ་རིམས་ཀྱི་ནད་འབུ་ཕོག་པའི་མི་རྣམས་བཟོད་ཐབས་མེད་པའི་ན་ཟུག་མྱངས་ཡོད། ནད་རྟགས་དང་པོ་མངོན་པའི་ཐོག་མའི་དུས་ཚོད་གཅིག་གི་ནང་ཁོང་ཚོར་ཚད་ལས་འདས་པའི་ངལ་དུབ་ཀྱི་སྣང་བ་བྱུང་ཞིང་། ཚ་བ་འཕར་བ་དང་། མགོ་ན་བ་སོགས་ཀྱི་སྣང་ཚུལ་བྱུང་ཡོད་པ་མ་ཟད། ནད་པ་རྣམས་ཀྱི་ཤ་མདོག་སྔོ་ནག་ཏུ་གྱུར་ཡོད། གནས་སྟངས་ཁ་ཤས་ཐོག་ནད་པའི་ཤ་མདོག་སྔོ་ནག་ཏུ་གྱུར་ཚད་ཆེ་དྲགས་ནས་མི་དེའི་ཤ་མདོག་ངོ་མ་དཀར་པོ་ཡིན་དང་ནག་པོ་ཡིན་མི་ཤེས་པའི་ཚོད་དུ་གྱུར་ཡོད། གློ་རྒྱག་ཚད་ཤུགས་ཆེ་དྲགས་ནས་མི་མང་པོ་ཞིག་གི་ཁོག་པའི་ཤ་རྒྱུས་དབྲལ་བ་དང་། ཁ་དང་སྣ་ནས་ཁྲག་ཐོན་པ་མ་ཟད། ཁ་ཤས་ཀྱི་རྣ་ནས་ཀྱང་ཁྲག་ཐོན་ཡོད།

དོགས་གཞི།

   འཇིགས་སུ་རུང་བའི་ནད་འབུ་འདི་འདྲ་ཞིག་དུས་ཐུང་ནང་སྟངས་འཛིན་མི་ཐུབ་པ་འདི་འདྲ་ཞིག་ཏུ་གྱུར་དོན་དང་། འདི་ཉིད་ཇི་ལྟར་སྔོན་འགོག་བྱེད་དགོས་མིན་སོགས་དེ་རིང་ད་དུང་ཡང་གསལ་བོ་ཤེས་ཀྱིན་མེད། མ་འོངས་པར་འདི་ལྟའི་འཇིགས་རུང་གི་ནད་ཡམས་ཤིག་བསྐྱར་དུ་ཡོང་ན་དེར་འགོག་རྒོལ་བྱེད་ཐབས་ཤིག་རྙེད་རྒྱུའི་ཆེད་དུ། ཚན་རིག་པ་དང་། འཕྲོད་བསྟེན་ཚན་རིག་ཞིབ་འཇུག་པ་ཚོས་དེ་རིང་ད་དུང་ཡང་སྤྱི་ལོ་ 1918 ལོའི་ནད་ཡམས་ཞིབ་འཇུག་བྱེད་ཀྱིན་ཡོད།