འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་29ཉིན།

༄༅།།ཝང་ཡུང་ལ་ཚེ་བཙོན་ཀྱི་དཔྱད་མཚམས་བཏང་། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་29ཉིན། 12:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཝང་ཡུང་ལ་ཚེ་བཙོན་ཀྱི་དཔྱད་མཚམས་བཏང་།
   མི་དམངས་དྲ་བའི་འཕྲིན། 2021ལོའི་ཟླ་10ཚེས་28ཉིན་གྱི་སྔ་དྲོར། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀུའེ་ལིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་ཞིབ་དང་པོར་ཧའེ་ནན་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཝང་ཡུང་གིས་ལྐོག་རྔན་བླངས་པའི་གྱོད་གཞི་ཡོངས་བསྒྲགས་སུ་དཔྱད་མཚམས་ཁྱབ་བསྒྲགས་བྱས་པ་སྟེ། ལྐོག་རྔན་བླངས་པའི་ནག་ཉེས་ལྟར་ཞུ་སྦྱོར་ཕྱི་མ་བ་ཝང་ཡུང་ལ་ཚེ་བཙོན་གྱི་དཔྱད་མཚམས་བཏང་བ་དང་། ཆབ་སྲིད་ཀྱི་དབང་ཆ་ཚེ་གང་བཙན་འཕྲོག་བྱས་པ་མ་ཟད། མི་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་ཀྱང་བཏང་བ། ཝང་ཡུང་གིས་ལྐོག་རྔན་བླངས་པའི་ནག་ཉེས་བསགས་པ་ལས་ཐོབ་པའི་རྒྱུ་ནོར་དང་དེའི་སྐྱེད་འཕེལ་བདའ་འདེད་བཏང་ནས་རྒྱལ་མཛོད་ལ་གོང་འབུལ་ཞུས་པ། ཝང་ཡུང་གིས་ཁྲིམས་རར་ཁྲིམས་ཁང་གི་དཔྱད་མཚམས་དང་ལེན་ཞུས་ནས་གོང་གཏུག་བྱ་རྒྱུ་མིན་ཞེས་བཤད་པ་མེད། 
   ཞིབ་གཅོད་བྱས་ནས་རྩད་ཆོད་མཐའ་གསལ་བྱུང་བར། 2000ལོ་ནས་2014ལོའི་བར། ཞུ་སྦྱོར་ཕྱི་མ་བ་ཝང་ཡུང་གིས་ཀྲུང་གུང་ཧའེ་ནན་ཞིང་ཆེན་ཁྲེང་མའེ་རྫོང་ཨུའི་ཧྲུའུ་ཅི་དང་། ཧའེ་ནན་ཞིང་ཆེན་འགྲིམ་འགྲུལ་ཐིན་གྱི་ཏང་ཙུའུ་ཧྲུའུ་ཅི་དང་ཐིན་ཀྲང་། ཀྲུང་གུང་སན་ཡ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། སན་ཡ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་ཁྱེར་འགོ་འཛིན་གཞོན་པ། གྲོང་ཁྱེར་འགོ་འཛིན་གྱི་ངོ་ཚབ། གྲོང་ཁྱེར་འགོ་འཛིན་སོགས་ཀྱི་གོ་གནས་བཟུང་བའི་སྟབས་བདེར་བརྟེན་ནས། རྣམ་གྲངས་ཞིབ་མཆན་འགོད་པ་དང་། ས་ཆའི་ངོ་བོ་སྒྱུར་བ། ལས་གྲྭ་སྒྲུབ་འགན་ལེན་པ། གོ་གནས་སྤར་བ་སོགས་ཀྱི་ཐད་འབྲེལ་ཡོད་ཚན་པ་དང་མི་སྒེར་ལ་རོགས་རམ་བྱས་ནས། ཁྲིམས་འགལ་ངང་འབྲེལ་ཡོད་མི་སྣས་སྐྱེལ་བའི་རྒྱུ་དངོས་བླངས་པ་དག་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་9047.2259ཟིན་ཡོད་པ་རེད།
   ཀུའེ་ལིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ངོས་འཛིན་བྱས་དོན།ཞུ་སྦྱོར་ཕྱི་མ་ཝང་ཡུང་གི་བྱ་སྤྱོད་དེ་ཁྲིམས་ལྟར་ལྐོག་རྔན་བླངས་པའི་ནག་ཉེས་ཀྱི་ཚད་ལོན་པ་དང་། ཝང་ཡུང་གིས་རྒྱུ་རྔན་ལྐོག་ཟ་བྱས་པའི་གྲངས་འབོར་ཧ་ཅང་མང་པོ་ཡོད་མོད། དེ་ཁྲིམས་སར་འབྱོར་རྗེས་རང་འགུལ་ངང་གྱོད་གཞི་སྒྲུབ་གཉེར་ལས་ཁུངས་ཀྱིས་ད་དུང་ཁོང་དུ་མ་ཚུད་པའི་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོན་དངོས་ཁག་གཅིག་ངོས་ལེན་བྱས་པ་དང་། རྒྱུ་རྔན་ལྐོག་ཟ་ཡི་དོན་དངོས་གཞན་དག་ཇི་མ་ཇི་བཞིན་ངོས་ལེན་བྱས་པ། ཉེས་པ་ངོས་ལེན་བྱས་པ་དང་འགྱོད་སེམས་ཡོད་པ། ལྐོག་རྔན་དུ་བླངས་རིགས་ཕྱིར་སློག་ཧུར་ཐག་བྱས་པ། ལྐོག་རྔན་དུ་བླངས་པའི་དངུལ་དང་དངོས་རིགས་ཚང་མ་སྙེག་བསྡུ་བྱས་པ་བཅས་ལ་གཞིགས་ནས། ཁྲིམས་ལྟར་ཁྲིམས་ཆད་ཡང་དུ་བཏང་ཆོག དེས་ན་ཁྲིམས་ཁང་གིས་གོང་གསལ་དཔྱད་མཚམས་བཏང་ཡོད།