སློབ་ཆེན་པས་ལས་གཏོད་བྱས་པའི་ཕྱུགས་ལས་མཉམ་ལས་ཁང་།

  མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། དབྱར་གཞུང་དུ་ཆུ་དམར་ལེབ་རྫོང་ཆིག་སྒྲིལ་ཤང་གི་མཁའ་དབྱིངས་སུ་སྤྲིན་དཀར་ལང་ལོང་རྒྱུ་ཞིང་། ཆར་བ་ཟམ་ཟིམ་འབབ་བཞིན་ཡོད་མོད། ན་ནིང་སློབ་ཆེན་ནས་སློབ་མཐར་ཕྱིན་པའི་ཉི་མ་ཚེ་རིང་མཉམ་ལས་ཁང་གི་ཕྱུགས་རའི་སྒོ་ཁར་ལངས་ནས་ནོར་ལུག་ལ་ལྟ་བཞིན་འདུག

  སྦུབ་ཕུ་སྡེ་བར་ཆགས་པའི་ཁ་བ་ཅན་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ནི2015ལོའི་ཟླ7པར་ཐོ་འགོད་བྱས་ཤིང་། ཉི་མ་ཚེ་རིང་ནི་མཉམ་ལས་ཁང་དེའི་ཁྲིམས་བཀོད་འཐུས་ཚབ་པ་དང་སྤྱི་ཁྱབ་འགན་འཛིན་པ་ཡང་ཡིན། དེ་མིན་ད་རུང་ལོ་དེར་སློབ་མཐར་ཕྱིན་པའི་མཉམ་འབྲེལ་ལས་གྲོགས4ཡང་ཡོད། དེ་ཡང་སློབ་ཆེན་ནས་སློབ་མཐར་ཕྱིན་པའི་སློབ་གྲོགས་མང་ཤོས་ཀྱིས་གཞུང་ཞབས་པར་རྒྱུགས་སྤྲོད་པ་དང་ཁེ་ལས་དོན་ལས་ཁུངས་བཅས་སུ་ལས་ཀ་རེ་བཙལ་སྐབས། ཉི་མ་ཚེ་རིང་དང་ཁོའི་གྲོགས་པོ4ཡིས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གསར་འཛུགས་བྱས་པས། དེ་ནི་ཕྱོགས་སོ་སོའི་མི་གང་མང་གི་དོ་སྣང་བྱ་ཡུལ་དུ་གྱུར། དེའི་རྒྱུ་མཚན་ནི་དེ་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་སློབ་ཆེན་མཐར་ཕྱིན་སློབ་མ་ཆེས་མང་པོའི་མཉམ་ལས་ཁང་ཞིག་ཀྱང་ཡིན་པས་རེད།

  མཉམ་ལས་ཁང་ཐོག་མར་གསར་འཛུགས་བྱེད་སྐབས་ཁོ་ཚོས་སྲོལ་རྒྱུན་གྱི་གནག་ཕྱུགས་གསོ་བའི་ཞན་ཆ་ཕྱོགས་གཅིག་ཏུ་བསྡུས་ཤིང་། སྔོན་ཆད་འབྲོག་པ་དག་གིས་དེར་བརྟེན་ནས་འཚོ་བ་རོལ་མོད། འོན་ཀྱང་མཐོ་སྒང་གི་གནག་ཕྱུགས་ལས་རིགས་འཕེལ་རྒྱས་ལ་ཚད་བཀག་རང་བཞིན་ངེས་ཅན་ལྡན།

  གལ་ཏེ་མཉམ་ལས་ཁང་འཕེལ་རྒྱས་དང་ཇེ་ཆེར་གཏོང་དགོས་ན་ངེས་པར་དུ་སྲོལ་རྒྱུན་རང་བཞིན་གྱི་ཕྱུགས་འཚོ་སྟངས་དང་ཉམས་མྱོང་གཞི་གྲངས་ཅན། ཡིག་ཆ་ཅན། ཞིབ་ཚགས་ཅན། དུས་མཉམ་དུ་ཚན་རིག་ལ་བརྟེན་ནས་ཕྱུགས་འཚོ་སྟངས་བཅས་ཀྱིས་དཔེར་ན་ནོར་གཅིག་གིས་ཉིན་རེར་གཟན་རྩྭ་ཅི་ཙམ་ཟ་བ་དང་དུས་སྐབས་ནམ་ཞིག་གི་ལ་རྩྭ་ལ་འཚོ་བཅུད་ལྡན་པ། གཞོན་མ་གཅིག་གི་འོ་མའི་ཐོན་ཚད་ག་ཚོད་ཡིན་པ་སོགས་ཁོ་ཚོ་མི་ལྔ་བོས་རྒྱུན་དུ་གནག་ཕྱུགས་ལས་ཐད་ཀྱི་དཔེ་ཆ་མང་པོ་ཞིབ་ཀློག་བྱས་པ་མ་ཟད། དྲ་སྟེང་ནས་ཆེད་མཁས་པའི་རྩྭ་ཐང་གནག་ཕྱུགས་སྐོར་གྱི་སྐྱེ་ཁམས་དང་འབྲེལ་བའི་ཞིབ་འཇུག་གི་སློབ་ཁྲིད་ལ་ཉན།

  ཁ་བ་ཅན་མཉམ་ལས་ཁང་ནི་མཐར་ཕྱིན་སློབ་ཆེན་པ་5ཡིས་མཉམ་འབྲེལ་སྒོས་གསར་འཛུགས་བྱས་པ་དང་དེར་རང་ཉིད་ཀྱི་ཁྱད་ཆོས་དང་གསར་གཏོད་ཀྱི་རྣམ་པ་ཡོངས་སུ་འཛོམས་ཤིང་། ཞིབ་འཇུག་བྱས་པ་བརྒྱུད། ཁོ་ཚོས་སྦུབ་ཕུ་སྡེ་བའི་འབྲོག་པ་རྣམས་ཀྱི་དཔལ་འབྱོར་ཡོང་འབབ་དེ་གཞི་འཛིན་ས་བྱས་ཤིང་། དབུལ་ཕོངས་ཁྱིམ་ཚང་གི་མ་རྐང་འཇོག་པ་ཆེས་མཐོ་བ་སྒོར35000དང་ནོར5དང་དམངས་སྒོར10000མཉམ་ལས་ཁང་གི་མ་རྐང་ཚད་ལྡན་དུ་བཞག

  མཉམ་ལས་ཁང་དེར་རང་མོས་ངང་ཟབ་ཞུགས་བཡས་པའི་ཁྱིམ་ཚང17ཡོད་པ་དང་དེའི་ཁྲོད་ཁྱིམ་ཚང་དབུལ་བོ10ཡོད། གཅིག་བསྡུས་རང་བཞིན་གྱི་གནག་ཕྱུགས་གཞོན་མ85མ་རྐང་དུ་ཞུགས་པ་དང་རྫོང་ཕྱུགས་ལས་ཅུའུ་ཡིས་རོགས་སྐྱོར་བྱས་པའི་བཞོན་མ20དང་ཁྱོན་བསྡོམས་ནོར་གནག105དང་ལུག100ཡོད། མ་རྐང་དངུལ་གཅོག་བྱས་ན་ནོར་རེ་སྒོར5000དང་སྒོར500རེ་མ་རྐང་གཅིག་ཡིན། ཆེས་ལེགས་པོའི་རིམ་གཅིག་རྩྭ་ཐང་སྤྱི་ཆིང93.33འགན་ལེན་བྱས་ཤིང་འགན་ལེན་དུས་ཡུན་ལོ10ཡིན། མཉམ་ལས་ཁང་ལ་རྨང་གཞི་ལེགས་པོ་ཤིག་མེད་པའི་ཡར་སྔོན་དུ་གནག་ཕྱུགས་འཚོ་སྐྱོང་བྱེད་མཁན་ཁྱིམ་ཚང་ལ་ལོ་རེར་དམངས་སྒོར་ཁྲི3གྱི་ཟླ་ཕོགས་བྱིན་ཡོད། དམངས་གཙོ་དོ་དམ་ཅན་དང་ཕན་ཚུན་འདྲ་མཉམ་སོགས་ཀྱི་རྩ་དོན་ལྟར་ལས་ཞུགས་མི་སྣ་དག་གིས་དུས་ཚོད་ངེས་ཅན་གཞིར་བཟུང་ནས་རྩྭ་ཐང་དང་ནོར་གནག་ལ་ལྟ་རྟོག་བྱེད་བཞིན་ཡོད།

  ལོ་ཙཱ་བ། ལྷ་དཔལ་སྐྱབས།