སྨན་འདིས་ནད་པ་ཁག་གཅིག་གཟའ་འཁོར་གཅིག་རིང་དྲག་ཐུབ་འདུག

རྩོམ་པ་པོ།   དུས་ཚོད།   2020-04-23   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

        ཨ་རིའི་ཀྲི་ཅ་ཀོ་སློབ་གྲྭ་ཆེན་མོའི་གསོ་རིག་སློབ་གླིང་གིས་ཏོག་གསར་གློ་ཚད་ཀྱི་སྨན་ཞིག་ལ་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་བྱས་པའི་འབྲས་བུ་ཞིག་ས་གནས་དེ་གའི་ཟླ་4ཚེས་16ཉིན་ཕྱི་ལ་ཤོར་ཡོད་ཅིང་། ཚོད་ལྟའི་འབྲས་བུ་དེ་ལྟར་ན། སྨན་དེ་བསྟེན་རྗེས། ནད་པ་མང་ཆེ་བར་ཚ་བ་རྒྱས་པ་དང་དབུགས་ལམ་གྱི་ནད་རྟགས་ཐོན་པ་མགྱོགས་མྱུར་ངང་སླར་སོས་པ་དང་། ཕལ་ཆེར་ནད་པ་ཚང་མ་གཟའ་འཁོར་གཅིག་ཀྱང་མ་འགོར་བར་སྨན་ཁང་ནས་ཕྱིར་འབུད་ཐུབ་ཡོད་པ་རེད།  ཕན་ནུས་དེ་འདྲ་ཆེ་བའི་སྨན་རྫས་དེ་ནི་ཨ་རིའི་ཅི་ལི་ཏེ་ཚན་རིག་སྤྱི་གཉེར་ཁང་གིས་ཞིབ་འཇུག་གསར་སྤེལ་བྱས་པའི་ཏོག་གསར་ནད་དུག་བཅོས་བྱེད་ཀྱི་སྨན་རྫས་རུའེ་ཏེ་ཞི་ཝེ་ཞེས་པ་ཡིན་ཞིང་།  དེའི་གོང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས་ཀྱང་སྨན་རྫས་དེ་ལ་བསྔགས་བརྗོད་བྱེད་མྱོང་ཡོད། 

        སྙན་ཞུ་ཞིག་ཏུ་སྐྱེ་དངོས་སྨན་བཟོ་སྤྱི་གཉེར་ཁང་ཅི་ལི་ཏེ་ཚན་རིག་སྤྱི་གཉེར་ཁང་གིས་ཚོད་ལྟ་བྱེད་བཞིན་པའི་སྨན་རྫས་རུའེ་ཏེ་ཤིས་ཝུའེ་ནི་ཏོག་གསར་གློ་ཚད་ཀྱི་ནད་པ་ཚབས་ཆེན་ལ་ཕན་ཐོགས་ཆེན་པོ་ཡོད་ཅེས་བཀོད་ཡོད་ཅིང་། གནས་ཚུལ་སྤེལ་བར་གཞིགས་ན། ཀྲི་ཅ་ཀོ་སློབ་ཆེན་གྱི་སྨན་རྫས་སྨན་བཅོས་ཞིབ་འཇུག་ནང་ཞུགས་མཁན་གྱི་སྨན་ཁང་གིས་སྨན་དེས་ནད་པར་ཚ་བ་རྒྱས་པ་དང་དབུགས་ལམ་གྱི་ནད་བཅས་མགྱོགས་མྱུར་དུ་ཇེ་དགའ་རུ་འགྲོ་བ་དང་། ནད་པ་ཚང་མ་གཟའ་འཁོར་གཅིག་ཀྱང་མ་འགོར་བར་སྨན་ཁང་ནས་ཐོན་ཐུབ་ཀྱི་ཡོད་ཅེས་བརྗོད་ཡོད། འོན་ཀྱང་ཅི་ལི་སྤྱི་གཉེར་ཁང་གིས་སྤེལ་བའི་གསལ་བསྒྲགས་སུ་ད་སྔ་ཚོད་ལྟ་བྱས་པའི་ནད་པ་དེ་འདྲ་མང་པོ་མིན་པས། ནད་པ་སྔར་བས་མང་པོར་ཚོད་ལྟ་བྱས་རྗེས་ད་གཟོད་སྨན་དེའི་ཕན་ནུས་ངོ་མ་ཤེས་ཐུབ་ཅེས་བརྗོད་ཡོད། སྤྱི་གཉེར་ཁང་དེའི་ནད་པ་ཚབས་ཆེན་གྱི་དུས་རིམ་གསུམ་པའི་ཞིབ་འཇུག་འབྲས་བུ་ཚོད་དཔག་ལྟར་ན་ཟླ་འདིའི་ཟླ་མཇུག་ཏུ་ཐོན་རྒྱུ་ཡིན་པ་དང་། ཞིབ་འཇུག་གཞན་དག་གི་འབྲས་བུ་ཟླ་5པར་ཁྱབ་བསྒྲགས་བྱ་རྒྱུ་རེད། 

      རིམས་ནད་ལ་ཕན་པའི་སྨན་འདི་བྱུང་བ་ཡིས་ཨ་རིའི་དཔལ་འབྱོར་ཚོང་རར་སྐུལ་མ་ཆེན་པོ་ཐེབས་ཡོད་པ་དང་། ཨ་རིའི་དཔལ་འབྱོར་ལས་སྒོ་ཁག་སྔར་ལས་མགྱོགས་པའི་སྒོ་ནས་བསྐྱར་སྤེལ་ཐུབ་པར་ཕན་ཐོགས་ཆེན་པོ་ཡོད་པའི་ལྟ་ཚུལ་བཏོན་ཡོད།

        གནས་ཚུལ་སྤེལ་བར་གཞིགས་ན། རུའེ་ཏེ་ཤིས་ཝུའེ་ནི་ཆེས་ཐོག་མར་ཏོག་གསར་ནད་དུག་བཅོས་པར་སྤྱད་པའི་སྨན་རྫས་ཤིག་ཡིན་ཞིང་། དེའི་ཡར་སྔོན་དུ་ཀྲི་ཅ་ཀོ་སློབ་ཆེན་གསོ་རིག་སློབ་གླིང་གིས་ཏོག་གསར་གློ་ཚད་ཀྱི་ནད་པ་125བསྡུས་ནས། ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་ཁག་གསུམ་ནང་ཞུགས་བཅུག་ཡོད། དེ་དག་ཁྲོད་ཀྱི་མི་113ནད་པ་ཚབས་ཆེན་ཡིན་པ་དང་། ཁོང་ཚོ་ཚང་མས་ཉིན་ལྟར་རུའེ་ཏེ་ཤིས་ཝུའེ་བསྟེན་ཡོད། སྨན་བཅོས་སྨྱན་སྦྱོར་དྲ་ཚིགས་Stat Newsཡིས་གནས་ཚུལ་སྤེལ་བར་གཞིགས་ན། ནད་པ་མང་ཆེ་བར་ཚ་བ་རྒྱས་པ་དང་དབུགས་ལམ་གྱི་ནད་རྟགས་མྱུར་དུ་སླར་གསོ་བྱུང་བ་དང་། སྨན་བཅོས་བྱས་ནས་གཟའ་འཁོར་གཅིག་ལོན་རྗེས་སྨན་ཁང་ནས་ཐོན་ཡོད་ལ། ནད་པ་གཉིས་མ་གཏོགས་རྐྱེན་ལམ་དུ་ཤོར་མེད། གཞན་ཡང་སྨན་ཁང་གི་རུའེ་ཏེ་ཤིས་ཝུའེ་ཞིབ་འཇུག་ལས་ཀའི་འགན་འཁུར་བ་ཀྲེ་ཅ་ཀོ་སློབ་ཆེན་གྱི་འགོ་ནད་ཆེད་མཁས་པ་Mullaneཡིས་ཀྱང་། ཚོད་ལྟའི་གྲུབ་འབྲས་ལ་ཞིབ་བསྡུར་བྱེད་པའི་བརྙན་ལམ་ནང་དཔྱད་གཏམ་སྤེལ་སྐབས། ཚ་བ་རྒྱས་པ་དེ་ནད་པའི་ནད་རྟགས་གཙོ་བོ་དེ་མིན་ནའང་། སྔོན་ཆད་ཚ་བ་རྒྱས་པའི་ནད་པས་སྨན་དེ་བཏུང་རྗེས་ཚ་བ་མགྱོགས་མྱུར་དུ་ཇེ་དམའ་རུ་འགྲོ་ཡི་ཡོད་ཅེས་བཤད་ཡོད། དེ་མ་ཟད། ཁོང་མོས་ད་དུང་ནད་པ་རྣམས་ལ་སྨན་བཅོས་བྱེད་འགོ་ཚུགས་རྗེས། ཉིན་གཅིག་ནང་དབུགས་འབྱིན་རྔུབ་འཕྲུལ་ཆས་སྤྱོད་མི་དགོས་པར་གྱུར་བ་དང་། ནད་པ་ཚབས་ཆེན་མང་ཆེ་བ་ཉིན་དྲུག་གི་ནང་དུ་སྨན་ཁང་ནས་ཕྱིར་འབུད་ཐུབ་པ་བྱུང་ཡོད་ལ།  སྤྱིའི་ཆ་ནས་བཤད་ན། སྨན་དེས་ནད་པར་ཕན་ཆེན་པོ་ཐོགས་ཀྱི་ཡོད་པའི་སྐོར་བརྗོད་ཡོད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།