WHOཡིས་ཏོག་གསར་ནད་དུག་གི་འབྱུང་ཁུངས་སྐོར་ལ་འདི་འདྲ་བཤད་འདུག

རྩོམ་པ་པོ།   དུས་ཚོད།   2020-04-22   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།


 སྤྱི་ཚེས21ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་(WHO)ཀྱི་མགྲིན་ཚབ་པས། མིག་སྔར་སྨྱན་སྦྱོར་དང་སྤྱི་འབྲེལ་སྟེགས་བུའི་ཐོག ཏོག་གསར་ནད་དུག་གི་འབྱུང་ཁུངས་སྐོར་ལ་འཆལ་གཏམ་འགའ་ཤས་ཁྱབ་བཞིན་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ད་ཡོད་ཀྱི་དཔང་རྟགས་ལ་གཞིགས་ནས་ནད་དུག་འདི་ནི་སྲོག་ཆགས་ནས་འགོས་པ་ཞིག་ཡིན་པ་ལས་ཚོད་ལྟ་ཁང་དུ་མི་ཡིས་བཟོས་པ་ཞིག་མིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་འདུག

     འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མགྲིན་ཚབ་པ་ཧྥ་ཏེ་ལ ·ཧྲ་དབྱི་ཧྥུས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རེ་ནེ་ཝའི་དོན་གཅོད་ཁང་དུ་འཚོགས་པའི་གསར་འགོད་པར་སྣེ་ལེན་ཞུ་བའི་ཚོགས་འདུའི་ཐོག སྒྲིག་འཛུགས་དེས་མིག་སྔར་ཁྱབ་མཆེད་གཉིས་དང་འཐབ་རྩོད་བྱེད་བཞིན་ཡོད། དེ་གཉིས་ལས་གཅིག་ནི་ཏོག་གསར་གློ་ཚད་ནད་ཡམས་འགོས་ཁྱབ་ལ་འཐབ་རྩོད་བྱེད་པ་དང་། ཅིག་ཤོས་ནི་ཆ་འཕྲིན་རྫུན་མའི་ཁྱབ་མཆེད་ལ་འཐབ་རྩོད་བྱེད་པ་དེ་ཡིན་ཞེས་གསུངས་འདུག ཉེ་དུས་སྨྱན་སྦྱོར་དང་སྤྱི་འབྲེལ་སྟེགས་བུའི་ཐོག་ཏོག་གསར་ནད་ཡམས་ཀྱི་འབྱུང་ཁུངས་སྐོར་ལ་གཏམ་འཆལ་འགའ་ཐོན་པའི་ཐད། ཁོང་གིས། ད་ཡོད་ཀྱི་དཔང་རྟགས་ཀྱིས་ཏོག་གསར་ནད་དུག་དེ་སྲོག་ཆགས་ནས་བྱུང་བ་ལས་ཚོད་ལྟ་ཁང་དུ་མིའི་ཐབས་ལ་བརྟེན་ནས་བཟོས་པ་ཞིག་མིན་པ་ར་སྤྲོད་བྱས་ཡོད་ཅེས་གསུངས་འདུག

     ཁོང་གིས། མིག་སྔའི་གནས་ཚུལ་ནས་བལྟས་ན་ཕ་ཝང་ནི་ནད་དུག་དེ་རང་བྱུང་ཁམས་ནང་གནས་སྐབས་ཀྱི་རྟེན་གནས་དེ་ཡིན་བཟོ་ཆེན་པོ་འདུག ཏོག་གསར་ནད་དུག་དེ་ཕ་ཝང་ནས་མི་ལ་ཇི་ལྟར་འགོས་ཡོད་མེད་དེ་ད་དུང་ཤེས་མེད། འགོ་བའི་བརྒྱུད་རིམ་ནང་བར་བརྒྱུད་རྟེན་གནས་ཤིག་ཡོད་ངེས། དེ་ཡང་ཕ་ཝང་ནས་སྲོག་ཆགས་གཞན་ཞིག་ལ་འགོས་རྗེས་སྲོག་ཆགས་དེ་ནས་མི་ལ་འགོས་པ་ཞིག་ཡིན་སྲིད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་ཁག་གི་ཚན་ཞིབ་མི་སྣས་ཏོག་གསར་ནད་དུག་གི་འབྱུང་ཁུངས་བཙལ་འཚོལ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། མིག་སྔར་ཚོགས་པ་མང་པོས་ལས་དོན་དེ་སྒྲུབ་བཞིན་ཡོད། དེའི་ནང་ཀྲུང་གོའི་ཚོགས་པ་ཡང་ཚུད་ཡོད་ཅེས་གསུངས་འདུག

     ཧྥ་ཏེ་ལ ·ཧྲ་དབྱི་ཧྥུས། མིག་སྔར་ཕྱོགས་ཁག་གིས་མཉམ་དུ་དོ་ཁུར་བྱ་ཡུལ་ནི་བྱ་བ་དངོས་བསྒྲུབ་རྒྱུ་དེ་ཡིན་པ་ལས། འཇིགས་སྣང་བྱ་རྒྱུ་དེ་མིན། ཏོག་གསར་ནད་དུག་གི་ཐོག་མའི་འབྱུང་ཁུངས་དང་བར་གྱི་བརྒྱུད་ཁུངས་ཤེས་པ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་རེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚན་རིག་གཞི་འཛིན་སར་བྱས་ཐོག ཆེད་མཁས་མང་པོ་ཞུགས་པའི་དེའི་ཐད་ཀྱི་བརྟག་ཞིབ་ནང་ཞུགས་བཞིན་ཡོད་ཅེས་གསུངས་འདུག

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།