སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མཚོ་བོད་ལྕགས་ལམ་སྟེང་གི་མི་རབས་གསུམ་གྱི་མེ་འཁོར་ཁ་ལོ་བའི་གཟི་བརྗིད་དང་ཕུགས་བསམ།
སྤེལ་དུས། 2012-11-08   ཡོང་ཁུངས། ཤིན་ཧྭ་དྲ་བ།   རྩོམ་སྒྲིག་པ།  བཀྲ་འདུལ་གྱིས་བསྒྱུར།

       མཚན་མོའི་ཆུ་ཚོད་༡༡ལ་སླེབས་ཟིན་ཡང་། མེ་འཁོར་འགྲུལ་སྐྱོད་ཚོད་འཛིན་བྱེད་གནས་ལ་ཡང་བསྐྱར་ཞིབ་བཤེར་ཐེངས་ཤིག་བྱས་ཏེ། ཇ་སྐེད་ཙམ་ལྷག་པའི་ཕོར་བ་དང་མདོག་ནག་པོ་ཡིན་པའི་ལས་བྱེད་ཁུག་མ་བཟུང་ནས། དགུང་ལོ་༤༨ལོན་པའི་མེ་འཁོར་ཁ་ལོ་བ་ལི་ཝུན་གྱིས་མེ་འཁོར་T༢༤བའི་ཁ་ལོ་སྐོར་ཁང་གི་སྒེ་ཕྱེ་སྟེ་མེ་འཁོར་ལས་མར་བབས་བྱུང་།

མཚོ་བོད་ལྕགས་ལམ་སྟེང་གི་ཁ་ལོ་བ་ཆེས་རྒན་གྲས་ཤིག་ཡིན་པའི་ཆ་ནས། ད་ལྟ་མེ་འཁོར་བསྐོར་ནས་ལོ་༢༢ལོན་པའི་ལི་ཝུན་གྱིས་བཤད་རྒྱུར།  ཁོང་གི་རེ་འདུན་ཆེས་ཆེ་ཤོས་ནི་མཚོ་བོད་ལྕགས་ལམ་དུ་སྒུལ་ཤུགས་མེ་འཁོར་བསྐོར་ནས། དངོས་སུ་ཀྲུང་གོའི་མཚོ་ངོས་ལས་མཐོ་ཚད་ཆེས་མཐོ་བའི་ལྕགས་ལམ་སྟེང་གི་མྱུར་ཚད་ཀྱི་འགྱུར་བ་ཉམས་སུ་མྱོང་རྒྱུ་དེ་ཡིན་ཟེར།

ལི་ཝུན་གྱི་ཨ་ཕའང་མེ་འཁོར་ཁ་ལོ་བ་ཡིན་ལ།  དུས་རབས་སྔོན་མའི་ལོ་རབས་༥༠བའི་སྐབས་སུ་རླངས་སྒུལ་མེ་འཁོར་བསྐོར་ནས་ལན་ཞི་ལྕགས་ལམ་གྱི་སྟེང་དུ་འགྲོ་འོང་བྱས་ཤིང་། བར་ཐག་སྤྱི་ལེ་༢༢༠ཡོད་པར་མེ་འཁོར་ཆུ་ཚོད་༥ལ་འགྲོ་དགོས་པ་དང་། ལི་ཝུན་གྱིས་དེ་དུས་གྲོགས་པོ་ཚོ་དང་མཉམ་དུ་མེ་འཁོར་འབབ་ཚུགས་ནས་ཨ་ཕར་སྒུག་ལ། དུ་བ་ནག་པོ་འཕྱུར་བའི་རླངས་སྒུལ་མེ་འཁོར་ག་ལེར་འབབ་ཚུགས་སུ་སླེབས་དུས་ཚང་མས་དགའ་སྤྲོའི་འབོད་སྒྲ་སྒྲོག་ཅིང་མཆོང་ལྡིང་བྱེད་པ་དང་། ཨ་ཕས་ལན་རེར་ཟས་ཞིམ་པོ་རེ་ཁྱེར་ཡོང་བར་ཡིད་འཁྲེང་བར་བྱེད་དྲན་བྱུངཟེར།

༡༩༨༤ལོར་ལི་ཝུན་ཡང་མེ་འཁོར་ཁ་ལོ་བ་ཞིག་ཏུ་གྱུར་ལ། ལི་ཝུན་གྱིས་བྱ་བ་བསྒྲུབས་མ་ཐག་པའི་སྐབས་སུ་རླངས་སྒུལ་མེ་འཁོར་བསྐོར་བ་དྲན་པ་དང་ཨ་ཕའི་དཀའ་ངལ་མྱངས་ཐུབ་པ་བྱུང་ཞིང་།རླངས་སྒུལ་མེ་འཁོར་ནི་མེ་ཐབ་ཀྱི་ནང་དུ་མིས་རྡོ་སོལ་ཁྱེམ་བུ་རེ་རེ་བཞིན་སྣོན་དགོས་པ་དང་། ལས་ཀ་ཐེངས་གཅིག་བསྒྲུབས་ཚར་རྗེས་མིའང་དུ་བས་ནག་པོར་སྒྱུར་ངེས། དེ་མིན་གཞན་ད་དུང་རང་གིས་མེ་འཁོར་བཀྲུ་དགོས་ཤིང་ལས་ཚེགས་ཧ་ཅང་ཆེ་བ་རེད།

༢༠༠༦ལོར་མཚོ་བོད་ལྕགས་ལམ་བསྐྲུན་ཞིང་མེ་འཁོར་ཤར་གཏོང་བྱས་རྗེས། ལི་ཝུན་ན་གོར་མོ་ནས་ལྷ་སའི་བར་གྱི་མེ་འཁོར་སྐོར་བའི་བྱ་བ་སྒྲུབ་པར་བཀོད་སྒྲིག་བྱས་ཤིང་། སྐབས་དེར་ཁོང་གིས་ཀྲུང་གོས་བཟོས་པའི་ཏུང་ཧྥང་ཧུང་ནང་འབར་མེ་འཁོར་ལོ་༡༠ཡི་རིང་བསྐོར་བ་མ་ཟད། མི་རབས་གསར་བའི་གཞོན་སྐྱེས་ཁ་ལོ་བ་ཚོའི་དགེ་རྒན་དུ་གྱུར་ཡོད། ནུས་ཕྱོད་ཇེ་མཐོར་གྱུར་ཞིང་ལམ་ཡང་བཟང་ལ། དུས་ཚོད་རེའི་མགྱོགས་ཚད་སྤྱི་ལེ་༦༠ནས་སྤྱི་ལེ་༡༠༠ལ་སླེབས་ཤིང་། ལས་ཀའི་ཁོར་ཡུག་ཀྱང་གཙང་བས་ང་རང་ཧ་ཅང་ཡིད་ཚིམས་ཡོད།ལི་ཝུན་གྱིས་བཤད་རྒྱུར། ལོ་རབས་དྲུག་ཅུ་བའི་ནང་སྐྱེས་པའི་མེ་འཁོར་ཁ་ལོ་བ་ཞིག་ཡིན་པའི་ཆ་ནས། མེ་འཁོར་རབས་གཉིས་བསྐོར་མྱོང་ཞིང་སློབ་མ་ཁག་ཅིག་བསྡུས་མྱོང་ལ། བདེ་འཇགས་ངང་མེ་འཁོར་སྤྱི་ལེ་ཁྲི་༨༥ལ་བསྐོར་བས་དེ་དག་ཁོང་གི་གཟི་བརྗིད་ཅིག་ཏུ་འདོད་བཞིན་པ་རེད།

ལོ་རབས་བདུན་ཅུ་བའི་ནང་སྐྱེས་པའི་ཧུའེ་རིགས་ཁ་ལོ་བ་མ་ལིན་ནི་ན་གོར་མོའི་ལམ་བར་གྱི་མགྲོན་སྐྱེལ་མེ་འཁོར་རུ་ཁག་གི་གཙོ་འཛིན་ཡིན་ཞིང་། ཁོང་ནི་ལི་ཝུན་དང་མི་མཚུངས་པར་ཚིལ་ལེན་དཀར་པོ་གྱོན་ནས་དེང་རབས་ཀྱི་ལག་རྩལ་སྒྲིག་ཆས་ལྡན་པའི་ནང་འབར་མེ་འཁོར་NJསྐོར་རྒྱུ་དེ་ཧ་ཅང་རྒྱུན་ལྡན་ལྟ་བུར་སྣང་ལ།ན་གོར་མོ་ནས་ལྷ་སའི་བར་དུ་འཛམ་གླིང་གི་ཡང་རྩེ་བརྒྱུད་དགོས་ཤིང་། འཛམ་གླིང་གི་ལྕགས་ལམ་བསྐྲུན་པའི་ལོ་རྒྱུས་སུ་ཚད་ཆེས་མཐོ་ཤོས་གང་མང་ལ་སླེབས་པ་དང་། ལམ་བར་གྱི་ནམ་ཟླ་ཧ་ཅང་རྒོད་ཅིང་མེ་འཁོར་ཁ་ལོ་བའི་བྱ་བ་སྒྲུབ་པའི་ནུས་པར་རེ་འདུན་ཆེན་པོ་བཏོན་ཡོད། མིག་གིས་ཕྱོགས་སོ་སོར་བལྟ་དགོས་པ་མ་ཟད་ད་དུང་དབང་རྩ་བསྒྲིམས་ནས་མཐོ་སྒང་གི་གནམ་གཤིས་ལ་འགྱུར་བ་བྱུང་སྟེ། དུས་ཚོད་ངེས་གཏན་མེད་པར་ཁ་བ་དང་བྱེ་རྡུལ་འབབ་པའི་གནད་དོན་སེལ་དགོས་པས་བྱ་བའི་གནོན་ཤུགས་ཤིན་ཏུ་ཆེ། མ་ལིན་གྱིས་བཤད་རྒྱུར། རྒྱལ་ཁབ་ཀྱི་འཆར་འགོད་གཞིར་བཟུང་ན། ནུབ་བྱང་གི་ལྕགས་ལམ་དྲ་བ་སྔར་བས་འཐུས་ཚང་དུ་བཏང་ནས། ན་གོར་མོ་ནས་ལྷ་སའི་བར་གྱི་སྐྱེལ་འདྲེན་གྱི་དཀའ་ཁག་ཀྱང་རིམ་བཞིན་ཇེ་ཆུང་དུ་གཏོང་རྒྱུ་ཡིན་ཞིང་། ངས་སྔར་བས་ཀྱང་བདེ་འཇགས་ངང་མེ་འཁོར་སྐོར་ཐུབ་པར་རེ་སྒུག་བྱེད་བཞིན་ཡོད་ཟེར།

ད་ལྟ་ལི་ཝུན་དང་མ་ལིན་ལྟ་བུའི་མེ་འཁོར་ཁ་ལོ་བ་རྒན་པ་དག་གི་བྱ་བ་གཙོ་བོ་ན་གཞོན་རྣམས་གསོ་སྐྱོང་བྱ་རྒྱུ་དེ་ཡིན་ཞིང་། ན་གོར་མོ་ནས་ལྷ་སའི་བར་གྱི་མེ་འཁོར་དུ་ད་ལོར་ཁ་ལོ་བ་བརྒྱ་ལ་ཉེ་བ་ཙམ་གསོ་སྐྱོང་མཛད་ལ། སང་ལོར་ད་དུང་སློབ་མ་སྔར་བས་མང་པོ་ཞིག་གིས་དགེ་རྒན་གྱི་མཛུབ་ཁྲིད་འོག་མེ་འཁོར་བསྐོར་ནས་མཚོ་བོད་མཐོ་སྒང་དུ་འགྲོ་འོང་བྱ་རྒྱུ་རེད། 

ངའི་ཕུགས་འདུན་ནི་མེ་འཁོར་རང་གི་ཕ་ཡུལ་དུ་བསྐོར་ནས་འགྲོ་བ་དེ་ཡིན། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་ནས་ཡོང་བའི་ལོ་རབས་༨༠བར་སྐྱེས་པའི་བོད་རིགས་བུ་ཆུང་བཀྲ་ཤིས་ཕུན་ཚོགས་ནི་རང་ཉིད་ན་གོར་མོ་ནས་ལྷ་སའི་བར་གྱི་མེ་འཁོར་ཁ་ལོ་བ་ཡིན་པར་ང་རྒྱལ་སྐྱེས་ནས་ཡོད་ཅིང་། ངའི་ཕ་ཡུལ་མངའ་རིས་ས་ཁུལ་གྱི་སེང་གེ་ཁ་འབབ་གྲོང་རྡལ་དུ་ཡོད་ལ་ལྷ་སའི་བར་དུ་སྤྱི་ལེ་༡༧༠༠ལྷག་ཡོད་པ་དང་། རྒན་པ་ལ་ལས་ཚེ་གང་བོར་ཡང་མེ་འཁོར་མཐོང་མ་མྱོང་ཞིང་། ངས་ཕ་ཡུལ་གྱི་ཡུལ་མི་སྤུན་ཟླ་རྣམས་ངས་བསྐོར་བའི་མེ་འཁོར་དུ་བསྡད་དེ་མཛེས་ལྗོངས་ལ་བལྟ་རུ་འཇུག་ཧ་ཅང་འདོད་ཟེར།

 ལས་དང་རྟེན་འབྲེལ་ཞིག་གིས་ང་རང་མེ་འཁོར་ཁ་ལོ་བ་ཞིག་ཏུ་གྱུར་ཞིང་། ན་གོར་མོ་ནས་ལྷ་སའི་བར་གྱི་མེ་འཁོར་སྟེང་གི་མི་རིགས་མང་པོའི་ཁྱིམ་ཚང་གི་ནང་མི་ཞིག་ཏུ་གྱུར་བ་ནི་མི་ཚེ་འདིར་འབྱུང་དཀའ་བའི་བརྒྱུད་རིམ་ཞིག་རེད།  ༢༠༠༣ལོའི་ཟླ་༨པར་བྱ་བར་ཞུགས་པ་ནས་བཟུང་། བཀྲ་ཤིས་ཕུན་ཚོགས་ཀྱིས་མེ་འཁོར་ནང་གི་རྒྱ་རིགས་དང་ཧུའེ་རིགས། ཟ་ལར་མི་རིགས། ཧོར་མི་རིགས་སོགས་མི་རིགས་སོ་སོའི་ཁ་ལོ་བ་རྒན་པ་རྣམས་ལས་ལག་རྩལ་སློབ་སྦྱོང་བྱས་ཤིང་། ཐོག་མའི་སློབ་སྦྱོང་བྱེད་མཁན་ཞིག་ནས་དོན་ངོ་མའི་མེ་འཁོར་ཁ་ལོ་བ་ཞིག་ཏུ་འགྱུར་བར་བརྩོན་པ་དང་།  ཁོས་དགོད་སྒྲ་དང་བཅས་མེ་འཁོར་རིགས་གསར་བ་སྐོར་བའི་བོད་ཀྱི་མེ་འཁོར་ཁ་ལོ་བ་ཐོག་མ་རུ་འགྱུར་འདོད་ཧ་ཅང་ཆེ་ཟེར།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060