སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རྒྱ་གར་འ་སམ་མངའ་སྡེ་རུ་རིགས་རྒྱུད་བར་འགལ་བ་བྱུང་བ་དང་རྒྱལ་ཕྱིའི་བོད་མིའི་བདེ་འཇགས་ལ་ཉེན་ཁ་ཐེབས་པ།
སྤེལ་དུས། 2012-08-24   ཡོང་ཁུངས། ཨེ་ཤ་ཡ་རང་དབང་རླུང་འཕྲིན།   རྩོམ་སྒྲིག་པ།  ལྗོན་སྨྱུག་ནས་བསྒྱུར།

       ཉེ་ལམ་འབར་མའི་ནུབ་རྒྱུད་ཀྱི་རའོ་ཁེ་(Rakhine )མངའ་སྡེ་དང་རྒྱ་གར་ཤར་བྱང་རྒྱུད་ཀྱི་འ་སམ་(Assam )མངའ་སྡེ་རུ་རིགས་རྒྱུད་བར་ཆོས་ལུགས་ཀྱི་འགལ་བ་ཛ་དྲག་བྱུང་རྗེས། ཏཱ་ལའི་བླ་མ་དང་བོད་མིའི་སྲིད་འཛིན་ལྟེ་གནས་ཀྱིས་གནས་ཚུལ་དེར་ཐུགས་ཁུར་གནང་སྟེ། རྒྱ་གར་ཆོས་ལུགས་པས་བྱེད་སྤྱོད་དེར་ཚོད་འཛིན་བྱེད་དགོས་པའི་འབོད་སྐུལ་གནང་།  གཞན་རྒྱ་གར་ལྷོ་རྒྱུད་ཀྱི་ཁ་ན་ཐ་ཁེ་མངའ་སྡེ་ནས་བོད་རིགས་སློབ་མ་ཞིག་ལ་གཟའ་མིག་དམར་ཉིན་མད་སོར་Mysoreགྲོང་ཁྱེར་ནས་གཞན་གྱིས་དོན་མེད་དུ་གྲིས་བརྒྱབ་ཏེ་གནོད་པ་ཚབས་ཆེན་བཟོས་པས། ཡུལ་བྱོལ་མང་ཚོགས་འདུས་སྡོད་ཁུལ་གྱི་བོད་མི་རྣམས་ལ་འཇིགས་སྣང་སྔ་ན་མེད་པ་ཞིག་སྐྱེས་སུ་བཅུག་པ་རེད།
 ད་ལོའི་ཟླ་བ་དྲུག་པའི་ནང་འབར་མའི་ནུབ་རྒྱུད་ཀྱི་རའོ་ཁེ་མངའ་སྡེ་ནས་ནང་བསྟན་ཆོས་ལུགས་དང་མུའུ་སི་ལིན་འདུས་སྡོད་ཁུལ་བར་རིགས་རྒྱུད་དང་ཆོས་ལུགས་ཀྱི་འགལ་བ་བྱུང་རྗེས། ཕ་ཁི་སི་ཐན་གྱི་མཚམས་སྦྱོར་ཚན་པ་ཞིག་གིས་འགལ་རྐྱེན་དེའི་སྐོར་གྱི་གནས་ཚུལ་བསྒྲགས་སྐབས། བོད་རིགས་གྲྭ་བ་ཞིག་གིས་༢༠༡༠ལོའི་ཟླ༤བར་མཚོ་སྔོན་ཡུལ་ཤུལ་གྱི་ས་ཡོམ་ཁྲོད་ཚེ་སྲོག་ཤོར་བའི་འདས་པོ་རྣམས་ལ་མྱ་ངན་ཞུ་བའི་པར་རིས་ཞིག་བཀོད་ཡོད་པ་དང་། དེར་མུའུ་སི་ལིན་གྱི་དད་ལྡན་པས་བོད་རིགས་གྲྭ་བ་དེ་ནི་མུའུ་སི་ལིན་དམར་གསོད་ནང་ཞུགས་པ་རེད་ཅེས་གོ་འཛོལ་བྱུང་བར་བརྟེན་དོན་རྐྱེན་དེ་བསླངས། ད་ལོའི་ཟླ༧པར། རྒྱ་གར་ཤར་བྱང་རྒྱུད་ཀྱི་འ་སམ་མངའ་སྡེ་ནས་མུའུ་སི་ལིན་གནས་སྤོ་མང་ཚོགས་དང་ས་གནས་དེ་གའི་སྡོད་དམངས་བར་ལ་རིགས་རྒྱུད་ཀྱི་འགལ་བ་བྱུང་ནས་མི་བཅུ་ཕྲག་ལྷག་གི་སྲོག་ཤོར། དེ་མིན་མུའུ་སི་ལིན་གྱིས་ཤར་བྱང་མངའ་སྡེའི་མི་རྣམས་ལ་འཇབ་རྒོལ་བྱས་ཞེས་ངག་འགྲོས་ཞིག་ཀྱང་འདུག
  གཞན་ཡང་རྒྱ་གར་ལྷོ་རྒྱུད་ཀྱི་ཁ་ན་ཐ་ཁེ་(Karnataka)མངའ་སྡེའི་པའེ་ལ་ཁུ་པི་ནས་ལོ་ན་༢༢ཡིན་པའི་བོད་རིགས་སློབ་མ་བསྟན་འཛིན་དར་རྒྱས་ལ་གཟའ་མིག་དམར་ཉིན་ཟླ་༨པའི་ཚེས༡༤ཉིནམད་སོར་Mysoreགྲོང་ཁྱེར་ནས་ཐོབ་ཐང་མི་གསལ་བའི་མི་ཞིག་གིས་དོན་མེད་དུ་གྲིས་བརྒྱབ་ཏེ་རྨས་སྐྱོན་ཚབས་ཆེན་ཐེབས་པས་སྨན་ཁང་དུ་བསྐྱལ་བ་རེད། 
        རྒྱ་གར་ལྷོ་རྒྱུད་ཀྱི་ཡུལ་བྱོལ་བོད་པ་བཀྲ་ཤིས་བདེ་ལེགས་ཆེད་དུ་སྨན་ཁང་དུ་འཚམས་འདྲིར་ཕྱིན་རྗེས་གཟའ་པ་སངས་ཉིན་(ཨེ་ཤ་ཡ་རང་དབང་རླུང་འཕྲིན)ངེད་རླུང་འཕྲིན་ཁང་ལ་བཤད་རྒྱུད།  ཁོ་ད་ལྟ་སྨན་ཁང་དུ་ཡོད་ཅིང་། རྒྱ་གར་ཉེན་རྟོག་པས་སྲུང་སྐྱོབ་བྱས་འདུག  བསྟན་འཛིན་དར་རྒྱས་ནི་ཚེས༡༤ཉིན་ས་སྲོད་ཆུ་ཚོད་༧ཙམ་ལ་མད་སོར་གྲོང་ཁྱེར་གྱི་བོད་མི་རྒྱུན་སྡོད་བྱས་པའི་མགྲོན་ཁང་ཉེ་སར་བལྟས་ཚོད་ལ་རྒྱ་གར་བ་དང་འདྲ་བའི་གདོང་གཡོགས་སྐྱེས་པ་གཉིས་འཕྲུལ་རྟར་ཞོན་ཏེ་ཁོའི་རྒྱབ་ཕྱོགས་སུ་གྲིས་བརྒྱབ་རྗེས་བྲོས་པ་དང་། ལམ་འགྲོ་བས་ཡུལ་དེའི་སྨན་ཁང་དུ་མྱུར་སྐྱོབ་བྱེད་དུ་བསྐྱལ་བ་རེད། སྨན་ཁང་གིས་ཆུ་ཚོད་གསུམ་གྱི་རིང་ལ་གཤགས་བཅོས་གནང་རྗེས་ད་ལྟ་ཚེ་སྲོག་གི་ཉེན་ཁ་ལས་ཐར་ཐུབ་ཡོད་པ་དང་། ཉེན་རྟོག་པས་ད་ལྟ་སྨན་ཁང་ལ་སྲུང་སྐྱོབ་བྱེད་པ་དང་ཆབས་ཅིག  ལག་དམར་རྩད་གཅོད་བྱེད་བཞིན་འདུག་ཟེར།
  བཀྲ་ཤིས་བདེ་ལེགས་ཀྱིས་འདི་སྐད།     བོད་མིར་གྲིས་བརྒྱབ་པའི་དོན་རྐྱེན་བྱུང་རྗེས། རྒྱ་གར་ལྷོ་རྒྱུད་ཀྱི་ཡུལ་བྱོལ་འདུས་སྡོད་ཁུལ་གྱི་བོད་མི་རྣམས་དངངས་སྐྲག་ཆེན་པོ་སྐྱེས་འདུག  པར་རིས་ལ་གོ་ནོར་ཐེབས་རྗེས།  མུའུ་སི་ལིན་དད་ལྡན་པས་བོད་མི་ལ་དཔུང་འཇུག་བྱེད་པའི་འཆར་གཞི་ཡོད་པ་རེད་ཅེས་འཁྱར་གཏམ་ཞིག་ཀྱང་འདུག་པར་བརྟེན་བོད་ཀྱི་སློབ་མར་གྲིས་བརྒྱབ་རྗེས་ཚང་མར་དངངས་སྐྲག་ཆེན་པོ་སྐྱེས་འདུག་ལ།  པན་གྷ་ལོར་སློབ་གཉེར་བྱེད་བཞིན་པའི་བོད་ཀྱི་སློབ་མ་སྐོར་ཞིག་ཀྱང་བདེ་འཇགས་ཡོང་ཆེད་ཡུལ་བྱོལ་འདུས་སྡོད་ཁུལ་དུ་ཕྱིར་ལོག་པ་རེད། ཟླ༨པའི་ཚེས༡༧ཉིན། རྒྱ་གར་ལྷོ་རྒྱུད་ཀྱི་ཁ་ན་ཐ་ཁེ་མངའ་སྡེའི་འོག་གི་ཉེན་རྟོག་པ་རྣམས་ཁག་བགོས་ཏེ་པེ་ལ་ཁུ་པི་དང་མད་སོར་སོགས་ཡུལ་བྱོལ་བོད་མི་འདུས་སྡོད་ཁུལ་དུ་བསྐྱོད་པ་དང་། ཁོ་ཚོས་བོད་མིའི་བདེ་འཇགས་སྲུང་སྐྱོབ་ལ་ཁག་ཐེག་བྱེད་པར་ཁས་ལེན་གནང་འདུག་ཟེར།  
  རྒྱ་གར་གྱི་མཚམས་སྦྱོར་ཚན་པས་གནས་ཚུལ་བསྒྲགས་པ་ལྟར་ན། རྒྱ་གར་ཤར་བྱང་རྒྱུད་ཀྱི་འ་སམ་མངའ་སྡེ་ད་ལྟ་ད་དུང་ཛ་དྲག་ཆེ་བའི་གནས་སུ་ལྷུང་འདུག་པ་མ་ཟད། འགལ་བ་བྱུང་བའི་འབྲེལ་ཡོད་དཀྲོག་གཏམ་དེ་གང་སར་ཁྱབ་གདལ་དུ་བཏང་ཚུན།  ལྷོ་རྒྱུད་ཀྱི་མ་མད་(Mumbai)དང་། པན་གྷ་ལོརBangalore། ཆིན་ནེChennai་སོགས་སུ་ཞོར་ལས་གཉེར་བའི་མི་སྟོང་ཕྲག་ལྷག་ཀྱང་གཟའ་ལྷག་པ་ཉིན་ཤར་བྱང་མངའ་སྡེ་ནས་ཕྱིར་རང་ཡུལ་དུ་ལོག་པ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060