སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཨ་རིའི་སློབ་ཆུང་སློབ་མའི་ཡིག་ཚད་ལས་སློབ་མར་ཕན་པའི་རྒྱུགས་གཞི་གང་ཡིན་ལ་བལྟ།
སྤེལ་དུས། 2014-11-25   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  གཡང་སྒྲོལ།

ཨ་རིའི་སློབ་ཆུང་ལ་མཚོན་ན་ལོ་རིམ་གསུམ་པའི་ནང་དཔེ་ཀློག་དང་གྲངས་རིག་གཉིས་གཙོ་བྱས་པའི་ལོ་འཁོར་ཡིག་ཚད་གཏོང་གི་ཡོད་ལ།  དེ་ནི་གྲ་སྒྲིག་འཛིན་གྲྭ་དང་། ལོ་རིམ་དང་པོ། གཉིས་པ་བཅས་སུ་མེད་པའི་སློབ་ཆུང་གི་ཡིག་ཚད་དང་པོ་ཡིན་ཞིང་།  རྒྱུགས་གཞིའི་ནང་དོན་བསླབ་གཞི་དང་ཐ་དད་པའི་སློབ་མའི་ནུས་པ་གཙིགས་སུ་འཛིན།  ཡིག་ཚད་བཏང་རྗེས་སློབ་གྲྭས་རྒྱུགས་འབྲས་སྙན་ཞུ་རིང་པོ་ཞིག་སྟེ།  ཡིག་ཚད་ཀྱི་ཐོབ་སྐར་དང་། སློབ་མས་རྒྱུགས་ལེན་ཁྲོད་ཀྱི་རྣམ་འགྱུར་ལེགས་ངན་གཞི་བྱས་ཏེ་ངན་པ་བཅོས་བསྒྱུར་དང་བཟང་པ་ཡར་སྐྱེད་བྱེད་དགོས་པའི་བསམ་འཆར་དང་བཅས་ཏེ་སློབ་མའི་ཁྱིམ་བདག་གི་ལག་ཏུ་སྤྲོད་པ་རེད། 

ཁྱིམ་བདགDianaཡིས་བཤད་རྒྱུར།   སློབ་གྲྭས་བཏོན་པའི་ཆེད་དམིགས་བསམ་འཆར་དང་ལེགས་བཅོས་བྱེད་ཐབས་ཁ་ཤས་ཀྱིས་བྱིས་པའི་མི་ཚེ་གང་བོར་མདུན་ལྗོངས་ཡག་པོ་ཞིག་བསྐྲུན་ཐུབ་ཟེར། སྔར་འཛམ་གླིང་གི་ཕྱི་ཕྱོགས་ཁེ་ལས་སྟོབས་ཆེན ༥༠༠ བགྲང་བའི་ཁེ་ལས་སུ་མི་ཤུགས་ཐོན་ཁུངས་ཀྱི་ཕྱག་ལས་གནང་མཁན་སྲས་མོ Dianaནི་མིག་སྔར་ཨ་རིར་གཏན་སྡོད་བྱས་ཡོད་ཅིང་། ཁོ་མོས་ནམ་རྒྱུན་ཨ་རིའི་རྨང་གཞིའི་སློབ་གསོར་དོ་སྣང་བྱས་ཏེ་སློབ་གསོའི་སྐོར་གྱི་ཟིན་བྲིས་འབོར་ཆེན་ཞིག་ཟིན་དེབ་ཏུ་བཀོད་འདུག

 གཤམ་གསལ་ནིDianaལགས་ཀྱིས་བཀོད་པའི་སློབ་གསོའི་སྐོར་གྱི་ཟིན་བྲིས་ཨང ༡༤ བ་ཡིན་ལ། འདིར་རྩོམ་སྒྲིག་པསDianaལགས་ཀྱི་བྱིས་པའི་རྒྱུགས་གཞིའི་ནང་དོན་དང་གནས་ཚུལ། དེ་མིན་སློབ་གྲྭས་སློབ་མའི་ནུས་པ་ཅི་ལྟར་གཙུག་འཛིན་བྱེད་པ་དང་། འདིར་ཁྱིམ་བདག་ལ་བསམ་འཆར་གང་ཞིག་འདོན་པའི་ཐད་ནས་རགས་བསྡུས་ཤིག་འགོད་པར་བྱ།

ཨ་རིའི་བྱིས་པ་སློབ་གྲྭར་ཞུགས་པའི་ལོ་སྔོན་མ་གསུམ(གྲ་སྒྲིག་འཛིན་གྲྭ།  ལོ་རིམ་དང་པོ་དང་གཉིས་པ།)ལ་ཡིག་ཚད་མེད་དེ།  དགེ་རྒན་གྱིས་སློབ་མའི་སློབ་སྦྱོང་གི་བཟང་ངན་འབྱེད་ན་གཙོ་བོ་སློབ་ཐུན་གྱི་སྦྱོང་བརྡར་དང་།  དུས་རྒྱུན་གྱི་ཚོད་ལྟ་གཞིར་འཛིན་ཞིང་།  ཉིན་རེའི་ཀློག་འདོན་ལ་རེ་བ་ནན་མོ་འཛིན་པ་ལས་སྦྱོང་ཚན་བཀོད་སྒྲིག་དང་། གྲ་སྒྲིག་སྦྱོང་བརྡར། ཡང་ན་བསྐྱར་སྦྱོང་སོགས་མེད། ལོ་རིམ་གསུམ་པ་ནས་བཟུང་ད་གཟོད་བྱེད་ཐབས་སྣ་མང་གི་ཡིག་ཚད་གཏོང་སྟངས་སུ་ཞུགས་དགོས་ཤིང་། དུས་དེར་དགེ་རྒན་གྱིས་ཡིག་ཚད་དེ་རིགས་བྱིས་པའི་ཡིད་ལ་ངེས་ཤིང་གོམས་ཕྱིར་དུ་སྦྱོང་ཚན་འགའ་རེ་བཀོད་སྒྲིག་བྱེད།  དེ་ཡང་ལོ་རིམ་གསུམ་པ་ནས་བཞི་བ་ཡན་གྱི་ཡིག་ཚད་ལ་རིགས་གསུམ་དགར་ཡོད་ཅིང་།

གཅིག་ནིCognitive Abilities Test སྟེ་དངོས་པོ་ངོས་བཟུང་གི་རིག་སྟོབས་ལ་ཚོད་ལྟ་བྱེད་པའི་ཡིག་ཚད་ཡིན། དེ་ནི་སྟ་གོན་དང་སྔོན་བརྡ་ཅི་ཡང་མེད་པའི་སྒོ་ནས་གཏོང་བའི་ཡིག་ཚད་ཅིག་རེད།

ཅིག་ཤོས་ནིIllinnois Standards Achievement Testསྟེ་ཡེ་ལི་ནོ་ཁུལ་གྱི་ཚད་ལྡན་སྦྱངས་འབྲས་ཚོད་ལྟའི་ཡིག་ཚད་ཞེས་པ་ཡིན། དེ་ནི་གཙོ་བོ་སློབ་མའི་སྦྱངས་འབྲས་བཟང་ངན་གྱི་ཚད་འཇལ་ལྟ་བུ་ཡིན་ཞིང་།  ལྷག་པརISATཡི་བྱང་ཚད་ནི་སློབ་གྲྭའི་ལོ་འཁོར་སྙན་ཞུའི་ནང་གི་ཡིག་ཚད་གལ་ཆེན་དེ་ཡིན། ཡིག་ཚད་དེའི་ནང་དོན་ལ་ལོ་རིམ་གསུམ་པའི་སློབ་མའི་ཀློག་འདོན་དང་གྲངས་རིག་གཉིས་དང་། ལོ་རིམ་བཞི་བ་ཡན་གྱི་ཟུར་སྣོན་རིག་ཚན་བཅས་འདུས་ཡོད།

དེ་ཡང་ཀློག་འདོན་ཡིག་ཚད་གཏོང་སྟངས་རྒྱལ་ནང་གི་སྐད་ཡིག་ཡིག་ཚད་དང་འདྲ་ཡང་ཁྱད་པར་ཞིག་ནི་ཡིག་ཚད་ནང་དོན་ཐད་སློབ་མའི་ནུས་པ་གཙོ་བོར་འཛིན་མིན་གྱི་ཆ་ཡིན།  དགེ་རྒན་གྱིས་དུས་རྒྱུན་གྱི་དཔེ་ཁྲིད་ནང་བྱེད་ཐབས་ཅི་རིགས་བཏོན་ནས་སློབ་མའི་ཀློག་འདོན་དང་གོ་བར་འཇུག་པའི་དུས་ཀྱི་རྩ་དོན་བཞི་དམ་འཛིན་བྱེད་ཅིང་།

དེ་ལ་དང་པོ་ནི་དྲི་བར་བསམ་ནས་ཀློག་པ།

གཉིས་པ་ནི་སློབ་ཚན་བར་གྱི་འབྲེལ་བ་དང་། སློབ་ཚན་དང་རང་ཉིད།  འཇིག་རྟེན་བར་གྱི་འབྲེལ་བ་ནས་གཅིག་མཐོང་གཅིག་དྲན་གྱི་འཆར་སྒོ་འབྱེད་པ།

 གསུམ་པ་ནི་བློའི་སྣང་ངོར་འཆར་བའི་རྟོག་བཟོ།  བཞི་བ་ནི་རིག་དཔྱོད་བཅས་ཡིན

དུས་རྒྱུན་གྱི་ཀློག་འདོན་ནི། དཔེར་ན།  སྔོན་ལ(མཚོ་གཏིང་གི་ངོ་མཚར་བའི་འཇིག་རྟེན)ཞེས་པའི་ཚན་རིག་སྐོར་གྱི་རྩོམ་ཞིག་ཀློག་འདོན་བྱེད་དུ་འཇུག་ཅིང་། རྩོམ་དེའི་ནང་མཚོ་གཏིང་གི་ཆུ་སྔོ་ཆེན་མོའི་རི་མོ་ཞིག་ཀྱང་འདུག  བྱིས་པས་རྩོམ་དེ་དང་འབྲེལ་ནས་ལན་མང་པོ་ཞིག་འདེབས་དགོས་པ་ནི།

ཆུ་སྐྱེས་སྔོ་རིགས་ཀྱི་ཚལ་དང་ནགས་ཀློང་གཞན་བར་གྱི་ཁྱད་པར་ཅི་ཡིན།

རྩོམ་པ་པོས་ཆུ་སྔོ་ཆེན་པོ་ནི་ཆུ་སྐྱེས་སྔོ་རིགས་ཤིག་ཡིན་ཞེས་པའི་ཚིག་འདིའི་ནང་གི"རིགས"ཀྱི་དོན་ཅི་ཡིན།  

ཆུ་སྔོ་ཆེན་པོ་གང་ལ་བརྟེན་ནས་བྱུང་བ་ཡིན།  

རྩོམ་པ་པོས་ཆུ་སྔོ་ཆེན་པོ་ནི་འཛམ་གླིང་ཐོག་སྐྱེ་མྱུར་བའི་སྐྱེ་དངོས་ཤིག་ཡིན་ཚུལ་ཅི་ལྟར་འགྲེལ་བརྗོད་བྱས་ཡོད། ཆུ་སྔོ་ཆེན་པོ་མཚོ་ངོས་སུ་སྐྱེས་ཚེ་གནས་ཚུལ་གང་དག་འབྱུང་སྲིད།  

རྩོམ་པ་པོས་ཆུ་སྔོ་ཆེན་པོ་ཅི་ལྟར་ངོ་སྤྲོད་བྱས་ཡོད།  

རི་མོར་བལྟས་ནས་ཆུ་སྔོ་ཆེན་མོས་གང་ལ་བརྟེན་ནས་ཉི་འོད་འགམ་པ་ཡིན་པ་ཤོད།

མཐའ་མཇུག་གི་དྲི་བ་ཞིག་ནི།  རྩོམ་འདིའི་རྩོམ་པ་པོས་ཆུ་སྔོ་ཆེན་པོའི་ཚལ་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་ཚུལ་བརྗོད་འདུག་ཅིང་། ཁྱེད་རང་གིས་རྩོམ་པ་པོའི་བཤད་ཚུལ་དེར་རྒྱབ་སྐྱོར་བྱེད་དམ།  རྒྱུ་མཚན་ཅི་ཡིན་པ་རྩོམ་གྱི་ནང་དོན་དང་ཁྱེད་ཀྱི་བསམ་ཚུལ་གཞི་བྱས་ཏེ་ཁྱོད་རང་ཉིད་ཀྱི་ལྟ་བ་འདྲེན་དགོས།

མཐའ་མཇུག་གི་ཡིག་ཚད་ཞིག་ནིReading Extendet Responseསྟེ་ཀློག་འདོན་དང་གོ་བ་ལེན་སྟངས་སྐོར་གྱི་སྦྱོང་བརྡར་ཡིན། དཔེར་ན་བྱིས་པ Alexཡི་ལྟ་བ་ནི་མི་རྣམས་ཀྱིས་ཆུ་སྔོ་ཆེན་པོའི་ཚལ་དེ་མྱུར་སྐྱོབ་བྱེད་པར་རོགས་བྱེད་དགོས་པའི་འདོད་ལུགས་ཡིན་ལ་དེར་ཁོས་རྒྱབ་རྟེན་གྱི་ལུང་དང་རིག་པ་འགས་བསྒྲུབ་དགོས་པ་མ་ཟད། སྒྲུབ་བྱེད་རེ་རེ་རྩོམ་གྱི་ནང་དོན་དང་དམ་པོར་འབྲེལ་ཏེ་རང་ཉིད་ཀྱི་ལྟ་བ་འདྲེན་དགོས།  མཐར་རྩོམ་འདི་ཀློག་པར་བརྟེན་ནས་རང་ལ་བློ་སྒོ་ཅི་ཞིག་བསྐྱེད་བའི་མྱོང་ཚོར་བརྗོད་དགོས་པ་རེད།

གྲངས་རིག་གི་ཡིག་ཚད་ལ་མཚོན་ན་ཁྱབ་རྒྱ་ཆེ་ཡང་། དེས་བྱིས་པ Alexཡི་ཉིན་རྒྱུན་བཀོད་སྒྲིག་ལ་འགོག་རྐྱེན་མེད།  སློབ་གྲྭས་དྲན་སྐུལ་བྱས་པ་ལྟར་ཁྱིམ་བདག་གིས་ཐོག་མར་བྱིས་པའི་ནུས་པར་ཡིད་ཆེས་དང་། འཚོ་བར་བཀོད་སྒྲིག་ལེགས་པོ་བརྒྱབ་ཏེ།  བྱིས་པར་སྡུག་རུས་བྱས་པར་མཇུག་འབྲས་ཅི་བྱུང་ལ་སེམས་ཁྲལ་མི་དགོས་པའི་བསླབ་བྱ་གཏོང་དགོས་པ་དེ་རེད།

དེ་ཡངISATཡི་ལོ་འཁོར་གྱི་རྒྱུགས་འབྲས་དེ་སློབ་སྐབས་གཉིས་པ་འཚོགས་པའི་ཟླ་གཅིག་འགོར་བའི་རྗེས་སུ།  སློབ་གྲྭས་ཁྱིམ་བདག་ལ་སྙན་ཞུ་ཞིག་སྤྲད་སྲིད་ཅིང་། ཁ་བྱང་ལ་ཡེ་ལི་ནོ་ཁུལ་གྱི་ཚུལ་ལྡན་སྦྱངས་འབྲས་ཚོད་ལྟ་ལས(ISAT)སློབ་མ་སྒེར་གྱི་སྦྱངས་འབྲས་སྙན་ཞུ་ཞེས་བྱ་བ་དང་།  ལོགས་སུ་འདི་ནི་སློབ་མ་སྒེར་གྱི ༢༠༠༡ ལོའི་དཔྱིད་དུས་ཡིག་ཚད་ཀྱི་སྦྱངས་འབྲས་ཀྱི་སྙན་ཞུ་ཡིན་པའི་ཡིག་འབྲི་གསལ་ཆ་དོད་སར་འགོད་ལ། ཡིག་ཐུམ་ནང་དུ་སློབ་གཙོས་ཁྱིམ་བདག་རྣམས་ལ་སྙན་ཞུ་དང་དེར་བཀོད་པའི་སྐར་གྲངས་ལ་དབྱེ་ཞིབ་བྱེད་དུས་གང་ལ་བསམ་བློ་གཏོང་དགོས་ཚུལ་གྱི་འཕྲིན་ཅིག་བསྐུར་ནས་གསལ་འདེབས་བྱེད་དེ། ISATནི་ཁྱེད་ཀྱི་བྱིས་པའི་སྦྱངས་འབྲས་ནང་གི་མཚོན་སྟངས་ཙམ་ཡིན་པས།  ཡིག་ཚད་ཀྱི་ཐོབ་སྐར་ལས་སློབ་མའི་སྦྱངས་འབྲས་ཀྱི་ཟུར་ཙམ་ཤེས་ཐུབ་ཀྱང་། ཕྱོགས་མང་གཅིག་ཏུ་བསྡུས་ནས་དབྱེ་ཞིབ་མ་བྱས་ན་སྦྱངས་འབྲས་དེ་ཙམ་ལ་བརྟེན་ནས་སློབ་མར་ཚད་འཇལ་ཡང་དག་བྱེད་དཀའ་ཚུལ་དང་། སྙན་ཞུར་གཟིགས་དུས་ཁྱིམ་བདག་གིས་བྱིས་པའི་རྣམ་འགྱུར་དང་།  བྱིས་པ་དང་ཚད་གཞི་བར།  ཚོགས་པའི་བར་གྱི་རྣམ་འགྱུར་བཅས་གང་འདྲ་ཡིན་པར་ཐེངས་སྔོན་མ་དང་བསྡུར་ཏེ་བསམ་བློ་གཏོང་རྒྱུ་གལ་ཆེ་བ་དང་། སྐར་གྲངས་ཡོད་ཚད་ཀྱིས་དོན་གཅིག་སྟོན་པའི་ངེས་པ་མེད་ཚུལ་ལ་སོགས་པའི་བསམ་འཆར་རམ་ཡང་ན་དྲན་སྐུལ་གནང་ཡོད།

སྙན་ཞུས་བྱིས་པའི་དཔེ་ཀློག་དང་གྲངས་རིག་ལ་བྱང་པར་ཅི་ལྟར་གྲོགས་མཛད་དགོས་སྐོར་ལ་དཔེ་ཀློག་གི་དགེ་མཚན་དང་གྲངས་རིག་གི་དགེ་མཚན་གཉིས་ནས་བཤད་ཡོད་ཅིང་། དེ་ཡང་དང་པོ་ནི་ཁྱིམ་གྱི་ཀློག་འདོན་ནི་སློབ་གྲྭའི་ཀློག་འདོན་གྱི་སྔོན་འགྲོ་ལྟ་བུ་ཡིན་ཕྱིར།  ཁྱིམ་བདག་གིས་བྱིས་པར་སྤྲོ་བ་ཡོད་ཅིང་། བྱིས་པའི་བློ་ཁ་དང་མཐུན་པའི་རྩོམ་འདེམས་པར་ཡར་སྐུལ་བྱས་ནས་ཀློག་འདོན་ལ་མོས་པ་བསྐྱེད་རྒྱུ་དེའོ། །

གཉིས་པ་ནི་ཉིན་རྒྱུན་འཚོ་བའི་ཁྲོད་གྲངས་ཀར་དབྱེ་འབྱེད་དང་ཞིབ་དཔྱད་ལ་གོམས་སུ་བཅུག་སྟེ། འདི་ནི་དོན་དང་ལྡན་པ་ཞིག་གོ་སྙམ་པའི་མོས་པ་ཆེ་རུ་བསྐྱེད་ཐོག ཁྱིམ་བདག་གིས་རྒྱུན་ལྡན་འཚོ་བའི་ནང་འཕྲད་པའི་ཚད་འཇལ་སོགས་གྲངས་ཀ་ལག་ལེན་དུ་བླངས་ནས་དྲི་བ་དང་ཆོས་ཉིད་འཚོལ་བར་ཡར་སྐུལ་བྱེད་དགོས་ལ། དེས་མཐར་ཐུག་ན་བྱིས་པའི་གནད་དོན་ཐག་གཅོད་ཀྱི་ནུས་པ་སྐྱེད་སྲིང་བྱེད་པ་ཡིན།

རྒྱུགས་འབྲས་སྙན་ཞུའི་ཤོག་ངོས་དང་པོ་ནི་རྒྱུགས་འབྲས་མངོན་ཚུལ་དང་སྐར་གྲངས་མངོན་ཚུལ་གཉིས་བཀོད་དེ་ཁྱིམ་བདག་གིས་སྙན་ཞུ་ལ་གཟིགས་དུས་ཐོག་མར་བྱིས་པའི་ཆ་ཡོངས་ཀྱི་སྦྱངས་འབྲས་ག་འདྲ་ཡིན་པ་སྤྱི་ཁོག་ཙམ་རྟོགས་ཐུབ། སྤྱིར་དཔྱིད་དུས་ཡིག་ཚད་ལ་དཔེ་ཀློག་དང་གྲངས་རིག་གཉིས་ལས་མེད་ཅིང་། དེ་ཡང་རྒྱུགས་འབྲས་མངོན་ཚུལ་ལ།  ཁྱད་དུ་འཕགས་པ་དང་།  ལེགས་པ།  སྤྱིར་བཏང་།   དྲན་སྐུལ་བཅས་རིམ་པ་བཞིར་དབྱེ་ཡོད།

རྒྱུགས་འབྲས་ཁྱད་དུ་འཕགས་པའི་ནི་སློབ་མས་རིག་ཚན་གྱི་ཤེས་བྱ་དང་རྩལ་ནུས་ལ་བྱང་ཆ་དོད་པ་མ་ཟད།  ལག་ལེན་ཁྲོད་འབྲེལ་ཡོད་ཤེས་བྱ་དང་རྩལ་ནུས་ལ་བརྟེན་ནས་གསར་གཏོད་རང་བཞིན་གྱིས་གནད་དོན་ཐག་གཅོད་བྱེད་ཐུབ་པའི་སློབ་མ་ཡིན།

རྒྱུགས་འབྲས་ལེགས་པ་ནི་སློབ་མས་རིག་ཚན་གྱི་ཤེས་བྱ་དང་རྩལ་ནུས་ལ་བྱང་ཆ་ལྡན་པ་མ་ཟད།  འབྲེལ་ཡོད་ཤེས་བྱ་དང་རྩལ་ནུས་ལ་བརྟེན་ནས་གནད་དོན་ཐག་གཅོད་ཐུབ་པའི་སློབ་མ་ཡིན།

རྒྱུགས་འབྲས་སྤྱིར་བཏང་བ་ནི་སློབ་མར་རིག་ཚན་གྱི་ཤེས་བྱ་དང་རྩལ་ནུས་ལ་བྱང་ཆ་ཅུང་ཡོད་ཀྱང་ལག་ལེན་ལ་བྱང་ཆ་མེད་པའི་སློབ་མ་ཡིན།

རྒྱུགས་འབྲས་དྲན་སྐུལ་ནི་སློབ་མས་རིག་ཚན་གྱི་ཤེས་བྱ་དང་རྩལ་ནུས་ཀྱི་ཆ་ཙམ་ལས་ལག་ལེན་མི་ཤེས་པའི་སློབ་མ་ཡིན།

རྩོམ་འགན་པ། སྒྲོལ་ཚེ།

ཀྲུང་གོའི་བོད་ལྗོངས་དྲ་བའི་སྐད་འཕྲིན་སྤྱི་སྟེགས།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070