ཚ་ལུ་མ་བརྩོན་མཁན་གྱི་བགྲེས་པོ།

蜜蜂文学艺术平台 2021-11-23 10:16



ཚ་ལུ་མ་བཙོང་མཁན་གྱི་བགྲེས་པོ། བསྒྱུར་རྩོམ།

ཚ་ལུ་མ་བཙོང་མཁན་གྱི་བགྲེས་པོ། 

                        

                    

“འཆར་གཞི་གཞན་ལ་མ་སྟོན། གྲུབ་འབྲས་གཞན་ལ་སྟོན་”ཟེར་བའི་དབྱིན་ཇིའི་བསླབ་བྱ་ཞིག་མཐོང་བས་རྐྱེན་བྱས་འུ་ཅག་བོད་ཀྱི་སྤྱི་ཚོགས་ཀྱི་ནང་ལ་བསམ་གཞིགས་རགས་ཙམ་བྱས། མཐོང་ཐོས་མང་པོ་ཞིག་ལ་ཕྱིར་འདང་ཞིག་བརྒྱབ་པས། རང་རེ་བོད་གངས་ཅན་པ་ནི་ཁ་མ་ཎི་ཅན་ཡིན། ལག་ཕྲེང་བ་ཅན་ཡིན། སེམས་བྱང་སེམས་ཅན་ཡིན་ཞེས་རང་རློམ་རང་བསྟོད་བྱེད་ཀྱི་འདུག་མོད། ཕུགས་རྩ་དེད་ན་རང་རེའི་བོད་མི་རིགས་འདི་གྲུབ་འབྲས་སྟོན་རྒྱུ་མེད་ཀྱང་། འཆར་གཞི་མང་པོ་སྟོན་རྒྱུ་ཡོད་པ། གང་བྱས་གང་བྱིན་ངོམ་ངོམ་འཕྱར་འཕྱར་ལ་དགའ་བའི་སྒེར་སེམས་ཅན་དང་། སྙན་གྲགས་གཙིགས་སུ་འཛིན་པའི་ཚུལ་འཆོས་པ། བྱས་པའི་ལས་ཀྱི་རྣལ་སྨིན་ལ་རེ་བའི་རྒྱུ་དག་མེད་པའི་མི་རིགས་ཤིག་ཏུ་འགྱུར་བཞིན་པའི་སྣང་བ་འཁོར། གཤམ་དུ་བདག་གིས་བཏུས་བསྒྱུར་བྱས་པའི་ཏའདིའི་མི་ཚེ་ལ་རྒྱང་ལྟ་ཞིག་གནོངས་དང་།

ཨེ་མ་ངོ་མཚར་ཆེའོ་སྙམ་པ་ཞིག་ཅིས་ཀྱང་བློ་ལ་འཁོར་ངེས་ཡིན་ལ།

དེང་སང་གི་བོད་མི་ཚོ་ལྟར་ན་”བྱང་ཆུབ་སེམས་དཔའ་”ཞིག་རེད་ཅེས་ཀྱང་བརྗོད་ངེས་ཡིན།རྒྱ་གར་གྱི་ཀར་ན་ཊ་ཀ་(Karnataka) ཞིང་ཆེན་གྱི་མང་གྷ་ལུ་རུ་(Mangaluru) མིང་ལ་ཧ་རི་ཀ་ལ་ཧཱ་རྫ་བྷ(Harekala Hajabba) ཟེར་བའི་ཚ་ལུ་མ་བཙོང་མཁན་གྱི་བགྲེས་སོང་ཞིག་ཡོད། ཁོ་སྤྱི་ལོ་ ༡༩༥༢ ཟླ་ ༡༠ ཚེས་༡༧ ཉིན་སྐྱེས་ཤིང་། ད་ལོ་ལོ་ ༦༩ ཡིན། ཧ་རྔ་བྷ་ཡིས་སྤྱི་ལོ་༡༩༧༧ ནས་མང་གྷ་ལུ་རུའི་སྤྱི་སྤྱོད་རླངས་འཁོར་ས་ཚིགས་དང་།

སྲང་ལམ་ནས་ཚ་ལུ་མ་བཙོང་ནས་འཚོ་བ་སྐྱེལ་བ་ལས་སློབ་གྲྭར་སོང་མ་མྱོང་བས་ཡི་གེ་འབྲི་ཀློག་མི་ཤེས་པར་མ་ཟད། ཕྱིའི་སྐད་ཡིག་དེ་བས་ཀྱང་མི་ཤེས། ཧ་རྔ་བྷ་ཡིས་”ངས་ཀར་ན་ཊ་ཀའི་སྐད་ཙམ་ལས་དབྱིན་སྐད་དང་ཧིན་དྷི་མི་ཤེས་པས། ཕྱི་གླིང་བ་ཚོས་ཚ་ལུ་མའི་གོང་ཚད་འདྲི་དུས་ཧ་ཅང་ཁ་སྐྱེངས་པོ་འདུག་ལ། ངས་ཕྱི་གླིང་བ་ཚོར་རོགས་པ་ཅི་ཡང་བྱེད་མི་ཐུབ་པར་མ་ཟད། ཕྱིའི་མི་དང་མཉམ་དུ་འབྲེལ་བ་འཛུགས་མི་ཐུབ་པས། ང་སྐྱེ་སའི་གྲོང་ཚོའི་ནང་སློབ་གྲྭ་ཞིག་རྒྱག་རྒྱུའི་སེམས་ཐག་བཅད་པ་ཡིན་”ཟེར། སྐད་ཡིག་གཞན་གྱི་ཐོག་ནས་མི་རིགས་གཞན་ལ་འབྲེལ་ལམ་འཛུགས་མ་ཐུབ་པའི་རྒྱུ་མཚན་དེ་ལ་བརྟེན་ནས་སྤྱི་ལོ་ ༡༩༧༨ ནས་རང་གི་སྡེ་བ་ལ་སློབ་གྲྭ་བཙུགས་ནས་ཤེས་རིག་གིས་གསར་བརྗེ་བྱ་རྒྱུ་དམ་བཅས་ནས། ཚ་ལུ་མ་བཙོང་བའི་བྱུང་དངུལ་བསགས། ལོ་བཅུ་ཕྲག་གཉིས་ཀྱི་རྗེས་སུ་ཁོ་རང་སྒེར་གྱི་ས་ཐོག་ནས་སློབ་གྲྭ་ཆུང་ཆུང་ཞིག་བཙུགས། 

སློབ་གྲྭ་དེར་ཐོག་མར་ཁོ་རང་གི་སྡེ་བའི་བྱིས་པ་༢༨ ཡོད་པ། རིམ་གྱིས་རྒྱ་སྐྱེད་ནས་ད་ལྟ་འཛིན་རིམ་ ༡༠ བར་དང༌། སློབ་མ་ ༡༧༥ ཡོད། མི་རྣམས་ཀྱིས་སློབ་གྲྭ་དེར་<ཧ་རྔ་བྷའི་སློབ་གྲྭ་» ཞེས་འབོད་ན་ཡང་། ཁོ་རང་ཉིད་ཀྱིས་<<ཨ་ཀླུ་ར་སཱན་ཏ་> (Akshara* Santa) སྟེ་དམ་པ་མི་ནུབ་པ་ཞེས་སློབ་གྲྭ་འདི་དར་རྒྱས་དང་། ཡུན་གནས་ཡོང་བའི་རེ་སྨོན་ཞིག་གིས་དེ་ལྟར་དུ་འབོད།

ཧ་རྔ་བྷ་ནི་ཁྱིམ་ཚང་ཧ་ཅང་དབུལ་བོ་ཞིག་ཏུ་སྐྱེས་པས་སློབ་གྲྭ་འགྲིམས་སྐལ་མ་ལྡན་པར། ཁྱིམ་ཚང་གི་འཚོ་བའི་དོན་དུ་ཚ་ལུ་མ་བཙོང་ནས་འཚོ་བ་མི་སྐྱེལ་ཀ་མེད་དུ་གྱུར། ཡིན་ན་ཡང་ཀུན་སློང་དང་ལྷག་བསམ་གཙང་མ་ཞིག་གིས་ལོ་དེ་འདྲའི་མང་པོ་ཞིག་ལ་ས་ཁུལ་གཅིག་ནས་ཚ་ལུ་མ་བཙོང་བ་དང་། ཞོར་ལ་རང་གི་དམིགས་ཡུལ་ལ་རོགས་སྐྱོར་ཡོང་བའི་རེ་སྐུལ་ཡང་བྱེད་ཀྱི་ཡོད། ཧ་རྔ་བྷ་ཡིས་ཚ་ལུ་མ་བཙོང་ནས་སློབ་གྲྭ་ཆུང་ཆུང་ཞིག་བརྒྱབ་པའི་གཏམ་དེ་རིམ་གྱིས་ཀུན་ལ་མཆེད་པ་ན། ཁོའི་ལྷག་བསམ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱ་གར་བ་དང་ཡུལ་སྐོར་བ་ཡང་ཇེ་མང་དུ་སོང་ནས། སློབ་གྲྭའི་ཁོར་ཡུག་རྒྱ་བསྐྱེད་ཅིང་། མཐུན་རྐྱེན་ཇེ་བཟང་དུ་བཏང་དང་གཏོང་བཞིན་ཡོད།

ཧ་རྔ་བྷ་ལ་རྒྱ་གར་གྱི་མི་སེར་གཟེངས་རྟགས་ཆེ་ཆོསས་ཆེ་ཆོས་པདྨ་ཤྲཱི་(Padma Shri) ཐོབ་རྗེས་གསར་འགོད་པས་”ཁྱོད་ཀྱི་མ་འོངས་པའི་འཆར་གཞི་ཅི་འདྲ་ཡིན་ནམ”ཞེས་དྲིས་པར། ཧ་རྔ་བྷས་”ངའི་དམིགས་ཡུལ་ནི་ཕ་ཡུལ་ལ་སློབ་ཆུང་དང་མཐོ་སློབ་མང་ཙམ་རྒྱག་རྒྱུ་དེ་ཡིན། མི་མང་པོས་ཞལ་འདེབས་སྟེར་གྱི་འདུག་པར་མ་ཟད། ང་ལ་གཟེངས་རྟགས་སྣ་ཚོགས་ཐོབ་པའི་དངུལ་བསགས་ཡོད་པས། སློབ་གྲྭ་རྒྱ་སྐྱེད་ཀྱི་ལས་གཞི་ཆེ་རུ་གཏོང་རྒྱུ་ཡིན་”ཞེས་དང་། “ངས་སྲིད་བློན་མོ་ཏི་ལ་མཐོ་སློབ་དང་གཙུག་ལག་སློབ་གཉེར་ཁང་རྒྱག་རྒྱུར་རོགས་རམ་ཡོང་བའི་འབོད་སྐུལ་ཞུས་ཡོད་”ཟེར།

ད་ལྟའི་ཆར་ཧ་རྔ་བྷས་མུ་མཐུད་ཚ་ལུ་མ་བཙོང་བ་དང་ཞལ་འདེབས་སློང་བ། གཞུང་ལ་རོགས་དངུལ་ཞུ་བ་བཅས་དངུལ་གསོག་བཞིན་འདུག་ལ། དངུལ་གང་འཚམ་བྱུང་རྗེས་གང་མགྱོགས་མཐོ་སློབ་དང་གཙུག་ལག་སློབ་གྲྭ་གསར་རྒྱག་མགོ་འཛུགས་རྒྱུ་རེད། རྒྱ་གར་དབུས་གཞུང་གིས་འཛིན་སྐྱོང་དང་འགྲོ་གྲོན་ཐད་རོགས་རམ་ས་རམ་བྱེད་བཞིན་པ་དང་། ཧ་རྔ་བྷ་སྒེར་གྱིས་ཀྱང་འགྲོ་གྲོན་ཐབས་འཚོལ་བྱེད་པ་བཅས། ད་ལྟའི་ཆར་<དམ་པ་མི་ནུབ་པ་»དེ་གཞུང་སྒེར་ཐུན་མོང་གིས་འཛིན་སྐྱོང་བྱེད་པའི་སློབ་གྲྭའི་ངོ་བོར་ཡོད་པ་རེད།

_གསལ་བྱེད།

ལེགས་སྦྱར་སྐད་ཟུར་ཆག་པའི་དེ་བ་ནཱ་ག་རའི་ཡི་གེར་ཨ་ཀླུ་ར་347: ཞེས་པའི་ཨ་ 37 དགག་སྒྲ་དང་། གླ་ར་ ༢ འཇིག་པ།འགྱུར་བ། ནུབ་པ། ཞུ་བའི་དོན་བཅས་ལ་འཇུག་པས། རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱིས། ཨ་ཀུ་ར་ནི་མི་འགྱུར་བ།། ཝཎ་ཞེས་པ་ཡི་གེའོ།། ཞེས་གསུངས། སྐབས་འདིར་མི་ནུབ་པའི་དོན་དུ་བཀོལ་ཡོད།