གཙོ་ངོས།>> པར་སྐྲུན།>>གངས་དཀར་རི་བོ།

ཉི་མ་ནོར་བུ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༢ཚེས་༢༧ཉིན།

རྨི་ལམ་ནང་གི་མེས་པོ།

ཕྱི་དྲོ་དེར། ཁོ་བོས་སེམས་ཁོང་གི་ཨ་མེས་འཚོལ་བཞིན་སྡོད་སྐབས། ཉི་འོད་འཇམ་པོ་དེ་རས་གུར་གྱི་སྒེའུ་ཁུང་ལས་འགོག་མེད་དུ་ནང་ལ་ཤོར་བྱུང་བ་ན། ཟས་ཅོག་སྟེང་གི་དཀར་ཡོལ་འབྲུག་མ་གཉིས་ཀ་དང་ཇ་དེམ། ད་དུང་དབྱིབས་སྣ་ཚོགས་པའི་དུས་དེབ་ཀྱི་སྟེང་དུ་འཕྲོས་ནས་འོད་ལམ་ལམ་བྱེད། ཁོ་བོའི་ཡིད་སེམས་ཉི་འོད་ཀྱིས་འཕྲོག་སྟེ་དལ་བུར་རས་གུར་གྱི་སྒེའུ་ཁུང་ཕྱེ་བ་ན་དཔྱིད་རླུང་འཇམ་པོ་ཞིག་དལ་གྱིས་ལྡིང་བྱུང་ལ། ད་ལོར་བསྐྲུན་པའི་གཞུང་ལམ་གསར་བ་དེ་ཉི་འོད་ཀྱི་འོག་ན་རྔུལ་ནག་འཕྱུར་བཞིན་རྒྱང་རིང་ལ་དཔྱངས་འདུག

འོ་རེད་ལགས། ད་ལྟ་ཁོ་བོ་ནི་རྐྱང་ཐང་ན་གནས་ཡོད་དགོས། འོ་ན་ཨ་མེས་ནི་གནས་གང་ཞིག་ན་བཞུགས་སམ།

རྐྱང་ཐང་ནི་ང་ཚོའི་ཕ་ཡུལ་གྱི་དབྱར་དུས་སྤྲོ་འཆམ་བྱེད་པའི་མཛེས་ལྗོངས་སྐད་གྲགས་ཅན་ཞིག་ཡིན་ལ། རྐྱང་ཐང་གི་མཐའ་སྐོར་དུ་ཡོད་པའི་དེའུ་འབུར་ཆེ་ཆུང་དག་སོ་སྲུང་དམག་མི་ཞིག་དང་འདྲ་བར་རིམ་པ་བཞིན་གྲལ་དུ་བསྒྲིགས་ཡོད་པ་དང་། ལྷ་ལུང་དཔལ་རྡོར་གྱིས་བོད་རྒྱལ་འུ་དམ་བཙན་བཀྲོངས་རྗེས་མདོ་སྨད་དུ་བྲོས་བྱོལ་བྱེད་སྐབས་སུ་གནས་དེ་རུ་ཡུབ་ནས་ཟླ་འགར་བསྡད་མྱོང་ཞེས་པའི་ངག་རྒྱུན་ཞིག་ཀྱང་ཡོད། གཞུང་ལམ་གོང་རོལ་དུ་ལབ་རྩེ་ཆུང་ཆུང་ཞིག་ཀྱང་བཙུགས་ཡོད་པས་ཡར་མར་འགྲོ་མཁན་གྱི་འགྲུལ་བཞུད་པ་རྣམས་ལབ་རྩེ་མར་ལ་སླེབས་སྐབས། ལ་ལས་རླུང་རྟ་མཆོད་བཞིན་ཀི་རྒྱངས་བྱེད་ངེས་ཡིན།

གཞུང་ལམ་དེ་རྒྱང་རིང་ནས་རྒྱང་རིང་ལ་བསྲིངས་འདུག ཁོ་བོས་རྒྱང་རིང་ལ་བསྲིངས་པའི་གཞུང་ལམ་དེར་ཡུན་རིང་བོར་ཅེར་བ་ན། རང་ཉིད་ནི་ཨ་མེས་ཀྱི་སྡེ་བ་ཨ་སེན་མ་ཞེས་པའི་རུ་ཚོགས་དང་ལྷན་དུ་ཆས་བཞིན་པ་མཐོང་བྱུང་ལ། སྐབས་དེར་ཁོ་བོའི་ལུས་ལ་དྲག་ཆས་སྤྲས་ཤིང་མེ་མདའ་རིང་པོ་ཞིག་རྒྱབ་ལ་ཁུར་ཡོད། གཡུ་བྱ་ཟེར་བའི་གྱི་ལིང་དེའི་གོང་ནས་སྒ་འགྱུར་རྒྱག་བཞིན་ཆས། ལམ་བར་ནས་ང་ཚོས་ལུ་གུ་ཆུང་ཆུང་འགའ་རྟ་གོང་ནས་བཟུང་སྟེ་རུམ་ཁུགས་སུ་བཅུག་ལ། ཤེད་ཤུགས་བཏོན་ནས་རྐེ་གཅུས་ནས་བསད་དེ་ཤ་ཁྲག་ལ་རོལ། ཁྲག་དམར་བྲང་ངོས་ནས་འཛར་འཛར་དུ་བཞུར་བ་ན། ད་གཟོད་རང་ཉིད་ཀྱིས་ས་ག་ཟླ་བར་ཤ་མི་ཟ་བའི་དམ་བཅས་པ་དྲན་བྱུང་། འགྱོད་སྣང་དྲག་པོ་ཞིག་གིས་བསམ་གཞིག་གི་ཁྲོད་ནས་ཡུད་ཙམ་འདས།

གཞུང་ལམ་གསར་བའི་ངོས་སུ་རླངས་འཁོར་མང་པོ་ཤར་གཏོང་བྱེད་བཞིན་ཡོད་ལ། རླངས་འཁོར་དཀར་པོ་ཞིག་ལབ་རྩེ་མར་གཤམ་དུ་བསྡད་རྗེས། གཞོན་ནུ་ཕོ་མོ་གཉིས་ས་ལ་བབས་ཏེ་རླུང་རྟ་མཆོད་མགོ་བརྩམས། གཞོན་ནུ་ཕོ་མོ་གཉིས། ཁོ་གཉིས་ཀའི་རླུང་རྟ་དར་སྲིད་དམ།

ཁོ་བོར་ཅི་ཞིག་བྱུང་སོང་ངམ། ཁོ་བོས་རྨི་ལམ་ཞིག་རྨིས་པ་ཡིན་ནམ། ཡང་ན་དོན་དངོས་ཤིག་བྱུང་བ་ཡིན། ཁོ་རང་ཐེ་ཚོམ་དང་བཅས་རས་གུར་ནང་རོལ་ལ་སོང་སྟེ་མདུན་ཅོག་སྟེང་གི་འོ་ཇ་དཀར་ཡོལ་གང་ཧུབ་གཅིག་གིས་བཏུང་རྗེས། ངག་ལས་རང་དབང་མེད་པར“ༀབཛྲསྭཏྭ། ༀབཛྲསྭཏྭ།”ཞེས་ལན་འགར་བཟློས་དེ་ཡིད་ཀྱི་སྡིག་པ་འདག་པའི་ལས་སུ་འབད།

སྐབས་ཤིག་ལ་ཁོའི་ཡིད་སེམས་ཅུང་ཟད་བདེ་ལ་བབས་པ་དང་བསྟུན་ནས། འགྲམ་དུ་ ་བཞག་ཡོད་པའི《 སྦྲང་ཆར》གྱི་དུས་དེབ་ཅིག་ལག་དུ་བླངས་ནས་དཀར་ཆག་ལ་ཡང་ཡང་བལྟས་པ་ན། རྩོམ་པ་པོ་བཀྲ་བྷས་ བརྩམས་པའི《 མེ་ལོང་ནང་གི་ཕྱེ་མ་ལེབ》ཅེས་པའི་སྒྲུང་གཏམ་དེ་མཐོང་བྱུང་བས། ཁ་བྱང་གིས་ཡིད་སེམས་བཀུགས་ཏེ་སྒྲུང་གཏམ་དེ་ཀློག་མགོ་བརྩམས། ཏག་ཏག་སྒྲུང་གཏམ་དེ་རང་ཉིད་ཀྱི་བྲིས་པ་ཡིན་པའི་འཆར་སྣང་ཞིག་སྐྱེས་པ་དང་བསྟུན་ནས། མིག་ཟུང་རས་གུར་ནང་དུ་ཅེར་ནས་བསྡད་པ་ན། རྩོམ་པ་པོ་བཀྲ་བྷ་འཛུམ་དམུལ་དམུལ་ངང་ནས་རས་གུར་དུ་སླེབས་བྱུང་བ་མ་ཟད།དལ་ལྷོད་ལྷོད་ཀྱིས་ཁོ་རང་གི་འགྲམ་དུ་བསྡད་བྱུང་།ཁོ་བོས་རང་གིས་བྲིས་པའི་ སྒྲུང་གཏམ་ཚན་པ་དེ་བཀྲ་བྷའི་མདུན་དུ་བཞག་པ་ན། ཁོས་གདོང་གི་མིག་ཤེལ་ཡར་དེད་ཙམ་བྱས་ནས་བརྩམས་ཆོས་ཤིག་རྟོགས་བཟོ་ཁོ་ནས་གྲུབ་དཀའ་ནའང་། དངོས་ཡོད་ཀྱི་རྒྱུ་ཆ་ལེགས་འདེམས་བྱས་ནས་འཚོ་བའི་ཉམས་མྱོང་དངོས་འབྲི་ཐུབ་ན་དེ་ཡིས་ཀློག་པ་པོའི་ཡིད་སེམས་དབང་མེད་དུ་འགུགས་ཐུབ་ཅེས་ཏན་ཏན་ཏིག་ཏིག་གིས་བརྗོད་བྱུང་།

རྩོམ་པ་པོ་བཀྲ་བྷ་གང་ཞིག་ལ་ཕྱིན་རྗེས། ཁོ་བོ་ཡང་བསྐྱར་སྒྲུང་གཏམ་དེའི་འཕྲུལ་སྣང་གི་ཡོངས་སུ་བསླུས་ཏེ་རང་ཉིད་ནི་ཕྱེ་ལེབ་དེ་གཉིས་ཀྱི་ཉེ་འགྲམ་དུ་འཕུར་བའི་ཕྱེ་ལེབ་སེར་ཁྲ་དེ་ཡིན་ལ། དུང་གི་ཕྱེ་ལེབ་ཀྱི་གཟུགས་བྱད་ཀྱིས་ཡིད་རབ་ཏུ་བཀུགས།

ཏག་ཏག་སྐབས་དེར། འབྲུག་སྒྲ་ཞིག་ལྡི་རུ་རུ་གྲག་པ་དང་ཆར་ཐིག་འགའ་གཅིག་རྗེས་གཉིས་མཐུད་དུ་རས་གུར་གྱི་ནང་ལ་སླེབས་བྱུང་། ཁོ་བོར་སྔངས་འཚབ་ཅིག་སྐྱེས་བྱུང་ལ། རས་གུར་གྱི་ནང་དུ་རང་ཉིད་ཁེར་རྐྱང་ངང་གནས་པ་ལས་ཅི་ཡང་མི་སྣང་།

ཕྱོགས་སོ་སོ་ནས་ཕེབས་པའི་སྐུ་མགྲོན་དག་ཆར་བས་དེད་དེ་གཅིག་རྗེས་གཉིས་མཐུད་དུ་གེ་སར་གསོལ་ཇ་ཁང་དུ་སླེབས་བྱུང་། སྦྱིན་བདག་མས་རས་གུར་གྱི་སྒེའུ་ཁུང་དག་གཏན་ཞོར་གསར་བུ་ཁྱོད་ཀྱི་ཇ་འཁྱགས་ཟིན་ནམ། ངས་ཁྱོད་ལ་ཇ་ཁོལ་མ་ཞིག་བཟུང་ནས་འོང་ཞེས་བཤད་དེ་ཕྱི་ལ་ཕྱིན་སོང་།

ཁོ་བོས་དེ་མ་ཐག་རས་གུར་གྱི་རྩུབས་ལོགས་སུ་བཞག་པའི་བརྙན་འཕྲིན་དེ་མཐོང་བྱུང་། དེའི་ནང་དུ་འཛམ་གླིང་གི་སྤོ་ལོ་འགྲན་བསྡུར་གྱི་གསར་འཕྲིན་ཞིག་གཏོང་གིན་འདུག རྟ་པ་རུ་ཁག་(Cleveland Cavaliers)དང་དཔའ་རྟུལ་རུ་ཁག་(Golden Stage Warriors)གཉིས་ཀྱིས་སྤོ་འགྲན་བྱས་བྱུང་། ཁོའི་གཟིགས་འཛིན་གྱི་དབང་པོ་ཁའོ་ལེ་(Stephen Curry)ཡི་གོས་སྔོན་པོ་དེའི་གཞི་ཡོངས་སུ་འཕྲོག་ལ། རང་ཉིད་གསེར་སྒོའི་ཟམ་ཆེན་(Golden Gate Bridge)གྱི་སྟེང་དུ་གོམ་པ་སྤོས་དེ་སོང་བའི་ཚེ་རྒྱལ་སྤྱིའི་སྤོ་འགྲན་རུ་ཁག་ཏུ་ཞུགས།

“རྩལ་ལྭའི་སྟེང་དུ་བོད་ཡིག་ཅིག་བྲིས་ན་ཆོག་གམ།”

“……”

“རྩལ་ལྭའི་སྟེང་དུ་བོད་ཡིག་ཅིག་བྲིས་ན་ཆོག་གམ།”

རུ་དཔོན་གྱིས་འཛུམ་ཙམ་བྱས་ཏེ་མགོ་བོ་གཡུག་བཞིན་ཅི་ཡང་འབྲི་ཆོག་པའི་བརྡ་ཞིག་བཏང་བྱུང་།

ཁོ་བོས་ལམ་སང་དཔུང་ཤའི་སྟེང་དུ་“བོད”ཅེས་པའི་ཡིག་འབྲི་ཞིག་བསྐོས། ཁྲག་རྩའི་སྦུབ་ཏུའང་“བོད”་ཅེས་པའི་མིང་ཞིག་དལ་གྱིས་བཞུར་སོང་།

དྲག་ཆར་ཤག་ཤག་ཏུ་བབས་བྱུང་།

རས་གུར་གྱི་སྒོ་ཡོལ་སང་རས་ལྟ་བུ་ལས་གྲང་རླུང་ཞིག་ལྷོད་ཀྱིས་ལྡང་བྱུང་། ལྗང་མྱུག་འབུས་པའི་ལམ་འགྲམ་གྱི་རྩྭ་ཐང་དང་དེའུ་འབུར། ལྷུང་ལྷུང་དུ་འབབ་པའི་ཆུ་ཕྲན། ཁུ་བྱུག་གི་གསུང་སྐད་སོགས་སྐད་ཅིག་ཉིད་ལ་ལྷིང་འཇགས་སེ་གྱུར་ལ། རྒྱང་རིང་དུ་བསྲིངས་བའི་གཞུང་ལམ་ནི་སྔར་ལྟར་སྣུམས་ཤིགས་སེ་གནམ་ས་འདྲེས་མཚམས་སུ་དཔྱངས་འདུག ངས་གཞུང་ལམ་གྱི་ངོས་སུ་ཇི་ལྟར་བལྟས་ཀྱང་། རླངས་འཁོར་འགའ་རླངས་པ་འཕྱུར་རེ་འགྲོ་བཞིན་པ་ལས་རང་ཉིད་ཀྱི་མེས་པོ་དག་གཏན་ནས་མི་མཐོང་བས། ཡིད་ལ་སྐྱོ་སྣང་བན་བུན་ཞིག་དཀྲིགས་ནས། མིག་མཐའ་ནས་མཆི་མ་རྡོག་པོ་འགའ་མཁུར་ཚོས་བརྒྱུད་དེ་འཐོར་བྱུང་ལ། ཁོ་བོའི་ཨ་མེས་ནི་སྡེ་བ་ཞིག་གི་ཆེད་དུ་ཚེ་སྲོག་འཕོས་པ་དྲན་ནས་ལྷག་ཏུ་སྐྱོ་བྱུང་། ཨ་མེས་འཚོ་བཞེས་ཀྱི་སྐབས་སུ་འཚོ་བ་ཤིན་ཏུ་སྐྱ་ཆད་སྔོ་སྡུག་ཡིན་པས། ནམ་རྒྱུན་ཁོས་རི་དྭགས་རྔོན་པ་དང་རྐུ་འཕྲོག་བཅོམས་གསུམ་བྱས་ནས་བཟའ་ཚང་དང་སྡེ་མི་རྣམས་ཁ་གསོས་པ་ཡིན། ད་ལྟ་ཁོས་སྡིག་པ་དེ་དག་སུ་ཡི་བཤགས་ངེས།

སྦྱིན་བདག་མས་ཁ་རླངས་འཕྱུར་བཞིན་པའི་རྫ་མ་ཞིག་བཟུང་ནས་རས་གུར་གྱི་སྒོ་ཕྱེ་བྱུང་།

“ཨ་ཙི། ཁྱོད་ཅི་ཞིག་ལ་ངུས་པ་ཡིན།”སྦྱིིན་བདག་མ་ཧ་ལས་ཏེ་རྫ་མ་ཡང་ས་ལ་འཇོག་རྒྱུ་བརྗེད་སོང་།

“……”

“ངས་ཨ་མེས་དྲན་བྱུང་།ངའི་ཨ་མེས་ནི་མི་སྡིག་པ་ཅན་ཞིག་ཡིན།”

“སྡིག་ལ་མ་ཞུགས་པའི་མི་ཞིག་ཡོད་མི་སྲིད། ”མོས་བདེན་ཅོག་ཅོག་གིས་དེ་ལྟར་བརྗོད།

“གང་ལྟར་ངས་ཁོ་རང་དྲན་བྱུང་། ཁོས་སྡིག་པ་དག་ལྷག་ཏུ་དྲན་བྱུང་།”ཁོ་བོས་ཡིད་སྐྱོ་བའི་སྐད་ཆ་དེ་བཤད་ཞོར། ལག་ནང་གི་དཔེ་དེབ་དེ་ཅོག་ཙེ་སྟེང་དུ་བཞག་ནས་ཡར་ལངས་པ་ན། མོ་ཅུང་ཟད་སྐྱེངས་པའི་ངང་ནས་རྫ་མ་མདུན་ཅོག་སྟེང་དུ་བཞག་ནས་ཁ་ཕྱིར་འཁོར་ནས་སྒོར་བུད་སོང་།

སྐབས་དེར་ང་ཡང་རྟབ་རྟབ་པོར་གྱུར་ནས་སྨྲ་བ་བདམས་ཏེ་དལ་བུར་ཁོ་མོའི་རྗེས་སུ་དེད་དེ་རས་གུར་གྱི་སྒོར་བུད་པ་ན། ཁོ་མོ་སྔ་ས་ནས་སོང་ཟིན། ཆར་བ་ཡང་འབབ་མཚམས་བཞག་ཟིན། སྨུགས་སོ་ལེར་གྱུར་བའི་དྭངས་གཙང་གི་མཁའ་དབུགས་ཤིག་བསིལ་རླུང་གིས་བསྐྱོད་ཀྱིན་བདག་གི་ལུས་ཕོང་ལ་བསྩལ་བྱུང་། ཤར་ཕྱོགས་ཀྱི་མཁའ་མཐའ་རུ་ཚོན་མདངས་རྣམ་པར་བཀྲ་བའི་འཇའ་ཚོན་ཞིག་ཀྱང་གཞུ་དབྱིབས་ཀྱིས་ཤར་འདུག

བསིལ་རླུང་དེས་བདག་གི་སེམས་པ་རྒྱང་རིང་རྒྱང་རིང་ལ་ཁྲིད་སོང་། རྒྱང་རིང་གི་གནམ་ས་འདྲེས་མཚམས་དེ་ནས་ངོ་མི་ཤེས་པའི་སྐྱེས་པ་ཞིག་གི་གཟུགས་བརྙན་ཤར་བྱུང་། དེ་ནི་ལན་རེར་འུ་དམ་བཙན་དུ་སྣང་ལ། ལན་རེར་ངའི་ཨ་མེས་སུ་སྣང་།

“དངོས་འབྲེལ་ཁྱེད་དང་འཕྲད་སོང་། དོན་ངོ་མས་ཁྱེད་རང་ག་པར་བཞུགས་ཡོད།”

“ང་རང་སྲིད་པའི་རི་ཚོགས་ཀྱི་དབུས་སུ་ཡོད། ཁྱོད་ཀྱི་བྱ་གཞག་ལ་མིག་གིས་འཚོས་ནས་ཡོད།”

“ཨ་ཙི། དོན་དངོས་སུ་ཁྱེད་རང་འུ་དམ་བཙན་ཡིན་ནམ། ཨ་མེས་ཡིན།”

“གཉི་ཀ་ཡིན་ཡང་སྲིད་ལ། གཉི་ཀ་མིན་ཡང་སྲིད།”

ཁོ་བོ་གློ་བུར་དུ་གཉིད་ལས་སད་པ་བཞིན།ངའི་ཨ་མེས་ཀྱི་གདུང་རྒྱུད་ནི་བཙན་པོའི་གདུང་རྒྱུད་འཁྲུལ་མེད་དེ་ཡིན་ངེས་ལ། ད་སྐབས་ཁོ་བོ་རྨེ་ཆེན་སྟག་རྩེ་ཡི་གཞི་བདག་གི་འཁོར་དུ་སྐྱེས་ཡོད་པའང་ཐོལ་གྱིས་དྲན་བྱུང་།

ཁོ་བོའི་རྒྱབ་ཕྱོགས་ནས་ཤར་བའི་ཉི་འོད་དེས་མདུན་ཕྱོགས་ཀྱི་འཕྲུལ་སྣང་མཐའ་དག་ཡོངས་སུ་བསལ་དེ་རང་ཉིད་ལས་ལྡབ་གཉིས་ཀྱི་རིང་བའི་གྲིབ་མ་ཞིག་རིང་དུ་བསྲིངས་བྱུང་། དེ་ནི་ཏག་ཏག་མདུན་ཕྱོགས་ནས་རྒྱང་ལ་བསྲིངས་བའི་གཞུང་ལམ་དང་གཞི་གཅིག་ཏུ་འདྲེས་སོང་ལ། རླངས་འཁོར་དཀར་པོའི་ནང་གི་གཞོན་ནུ་ཕོ་མོ་གཉིས་ཀྱི་ཁོ་བོར་འཛུམ་མདངས་སྟོན་བཞིན།“ གྲོགས་པོ། རྒྱང་རིང་ལ་ཨ་མེས་འཚོལ་དུ་འགྲོའམ། ”ཞེས་བཤད་པ་ན། གློ་བུར་དུ་ཁོ་བོའི་སྐྱོ་སྣང་མཐའ་དག་འཇའ་ཚོན་དང་མཉམ་དུ་མི་སྣང་བར་གྱུར།

ཁོ་བོར་དགའ་སྣང་གི་ཚོར་འདུ་ཞིག་དལ་གྱིས་འཕྱུར་བྱུང་ལ། མིག་ཟུང་ཕུར་བཞིན་ཡང་ཡང་བལྟས་པ་ན། མེས་པོ་རྔམ་བརྗིད་ཀྱི་ཁྲི་ལ་བཞུགས་ནས་གསོལ་ཇ་བཞེས་ཀྱིན་འདུག

རྐྱང་ཐང་ན་སྔར་བཞིན་ཇ་རླངས་འཐིབས་ཀྱིན་འདུག་ལ། འགྲུལ་བཞུད་པ་དག་ཀྱང་ལ་རྩེར་སྐོར་བ་བྱེད་བཞིན་ཡར་མར་འགྲོ་བཞིན་འདུག

39.7K

རྩོམ་ཡིག་སྔོན་མ།
དགེ་སྡིག་གི་ཁྲིམས།
རྩོམ་ཡིག་རྗེས་མ།
ཕུན་ཚོགས་ཀྱི་ལས་དབང་།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1