ཀྲུང་གོས་དབུས་ཤར་རྒྱལ་ཁབ་མང་པོར་ཨ་སྒོར་དུང་ཕྱུར 550 ཙམ་གྱི་མ་དངུལ་འདོན་སྤྲོད་བྱས།

  དཔྱད་གཞིའི་གནས་ཚུལ་དྲ་བས་ཟླ 1 པོའི་ཚེས 23 ཉིན་གྱི་གསར་འཕྲིན་བཏང་དོན་ལྟར་ན། རྒྱལ་ཕྱིའི་གསར་ལམ་སོ་སོའི་གནས་ཚུལ་ཁག་ལ་གཞིགས་ན། ད་ལྟ་དབུས་ཤར་གྱི་རྒྱལ་ཁབ་སོ་སོར་རྒྱལ་དོན་འཚམས་འདྲི་བྱེད་བཞིན་ཡོད་པའི་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ལགས་ཀྱིས་ཚེས 21 ཉིན་ཨེ་ཅིབ་ཀྱི་རྒྱལ་ས་ཁའེ་རོ་ན་ཡོད་པའི་ཨ་རབ་རྒྱལ་ཁབ་མནའ་མཐུན་ཚོགས་པའི (League of Arab States)ལྟེ་གནས་སུ་གཏམ་བཤད་སྤེལ་བ་དང་། ཀྲུང་གོའི་སྲིད་གཞུང་གིས་མ་འོངས་པར་དཔལ་འབྱོར་དང་ཆབ་སྲིད་བཅས་ཕྱོགས་གཉིས་ཀྱི་ཐད་ནས་དབུས་ཤར་གྱི་ལས་དོན་ཁག་ལ་ཟབ་ཞུགས་བྱས་ནས་མཉམ་འབྲེལ་བྱ་འདོད་ཡོད་ཅེས་བརྗོད་འདུག

  ཉི་ཧོང་གི《གསར་འགྱུར་ཀློག་པ》གསར་ཁང་གིས་ཟླ 1 པོའི་ཚེས 22 ཉིན་གསར་འཕྲིན་བཀོད་པ་ལྟར་ན། ཞིས་ཅིན་ཕིང་གིས་ཚེས 21 ཉིན་ཨེ་ཅིབ་ཀྱི་རྒྱལ་ས་ཁའེ་རོ་ན་ཡོད་པའི་ཨ་རབ་རྒྱལ་ཁབ་མནའ་མཐུན་ཚོགས་པའི་ལྟེ་གནས་སུ་གཏམ་བཤད་སྤེལ་བའི་ཁྲོད་དུ། ཀྲུང་གོའི་སྲིད་གཞུང་གིས་ཕྱོགས་བཞིའི་སྟེང་ནས་དབུས་ཤར་གྱི་བརྟན་བརླིང་ལས་དོན་ལ་ནུས་ཤུགས་འབུལ་འདོད་ཡོད་པ་དང་། གཅིག་ནི་དབུས་ཤར་གྱི་རྒྱལ་ཁབ་སོ་སོར་ཁྱོན་བསྡོམས་མ་དངུལ་ཨ་སྒོར་དུང་ཕྱུར 200 ཙམ་གྱི་ཚོང་ལས་རང་བཞིན་དང་དམིགས་གསལ་རང་བཞིན་ཅན་གྱི་དངུལ་བུན་སྐྱི་གཡར་བྱེད་པ་དང་། གཉིས་ནི་དབུས་ཤར་གྱི་རྒྱལ་ཁབ་སོ་སོར་ཁྲིམས་འཛིན་མཉམ་ལས་དང་ཉེན་རྟོག་པ་གསོ་སྦྱོང་སོགས་ཀྱི་ཐད་དུ་ཁྱོན་བསྡོམས་མ་དངུལ་ཨ་སྒོར་དུང་ཕྱུར 3 ཙམ་གྱི་རོགས་དངུལ་གཏོང་རྒྱུ།  གསུམ་ནི་སི་རེ་ཡ་དང་ཡེ་མོན་སོགས་ཀྱིས་མཚོན་པའི་དབུས་ཤར་གྱི་འཁྲུག་རྩོད་ས་ཁུལ་དག་ལ་མི་ཆོས་རིང་ལུགས་ཀྱི་རོགས་རམ་བྱ་རྒྱུ། བཞི་ནི་དབུས་ཤར་ན་ཡོད་པའི་ཨ་རབ་ཀྱི་རྒྱལ་ཁབ་སོ་སོར་མི་གྲངས་ཆིག་ཁྲི་ཙམ་གྱི་སློབ་གསོའི་རོགས་དངུལ་གཏོང་རྒྱུ་བཅས་ཡིན་འདུག
  གསར་འཕྲིན་ལྟར་ན། ཀྲུང་གོའི་སྲིད་གཞུང་གིས་སྐམ་ས་དང་མཚོ་ཐོག་གཉིས་ཀྱི་དར་གོས་ཚོང་ལམ་གྱི་དཔལ་འབྱོར་བརྒྱུད་ལམ་ལ་སྐུལ་འདེད་བྱས་ནས་ཡ་ཡོབ་ཀྱི་ཁུལ་གཅིག་ལམ་གཅིག་གི་འཐབ་ཇུས་ཀྱི་དགོངས་པ་མཐུད་ཐུབ་པའི་ཆེད་དུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་དབུས་ཤར་གྱི་རྒྱལ་ཁབ་སོ་སོར་སློབ་གསོ་དང་མི་ཆོས་རིང་ལུགས་ཀྱི་རོགས་རམ་བྱས་ནས་དབུས་ཤར་གྱི་རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་གྱི་འབྲེལ་བ་སྲ་བརྟན་དང་ཇེ་ལེགས་སུ་གཏོང་རྒྱུ་ཡིན་པ་དང་། ཞང་ཀང་གི《ནན་ཧྭ་ཞོགས་པའི་གསར་ཁང 》གི་དྲ་བས་ཟླ 1 པོའི་ཚེས 22 ཉིན་གྱི་གསར་འཕྲིན་བཏང་དོན་ལྟར་ན། དབུས་ཤར་གྱི་རྒྱལ་ཁབ་སོ་སོར་རྒྱལ་དོན་འཚམས་འདྲི་བྱེད་བཞིན་ཡོད་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་གཏམ་བཤད་ཀྱི་ནང་དོན་ལྟར་ན། ཀྲུང་གོའི་སྲིད་གཞུང་གིས་ཨ་རབ་ཀྱི་རྒྱལ་ཁབ་སོ་སོར་མ་དངུལ་ཁྱོན་བསྡོམས་ཨ་སྒོར་དུང་ཕྱུར 550 ཙམ་འདོན་སྤྲོད་བྱ་རྒྱུ་དང་དབུས་ཤར་གྱི་ས་ཁུལ་སོ་སོར་ཆེད་དམིགས་དངུལ་བུན་དང་ཐེབས་རྩ་གཏོང་འཇོག་སོགས་བཙུགས། ཀྲུང་གོའི་སྲིད་གཞུང་གིས་ཕ་ཁི་སི་ཐན་ལ་རིན་དོད་མི་དགོས་པའི་མ་དངུལ་ཁྱོན་བསྡོམས་དམངས་སྒོར་ཁྲི 5000 ཙམ་གྱི་རོགས་སྐྱོར་བྱ་རྒྱུ་དང་། ཀྲུང་གོའི་སྲིད་གཞུང་གིས་ཨ་རབ་བར་གྱི་ཕྱི་འབྲེལ་སྲ་བརྟན་དང་ཇེ་ལེགས་སུ་གཏོང་ཆེད་དབུས་ཤར་གྱི་རྒྱལ་ཁབ་སོ་སོའི་ན་གཞོན་འགོ་ཁྲིད་གཞོན་པ 1000 ཙམ་ལ་གསོ་སྤྱོང་གི་གོ་སྐབས་སྤྲད།
  ཡང་གསར་འཕྲིན་ལྟར་ན། ཚེས 21 ཉིན་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨེ་ཅིབ་ཀྱི་རྒྱལ་ས་ཁའེ་རོ་ནས་གཏམ་བཤད་སྤེལ་བ་དང་། ཁོང་གིས་བསྟན་དོན། ཀྲུང་གོའི་སྲིད་གཞུང་གིས་ཨ་རབ་ཀྱི་རྒྱལ་ཁབ་སོ་སོར་མཉམ་འབྲེལ་བྱས་ནས་མཉམ་དུ་ཐོན་ནུས་སྣེ་སྤྲེལ་ལག་བསྟར་བྱེད་པ་དང་། དེ་དག་ནང་དུ་ཨ་སྒོར་དུང་ཕྱུར་ཁྲི 150 ཙམ་དབུས་ཤར་ས་ཁུལ་ལ་བཟོ་ལས་ཅན་གྱི་ཆེད་དམིགས་དངུལ་བུན་བཏང་ནས་ས་ཁུལ་དང་རྒྱལ་ཁབ་བར་གྱི་ཐོན་ནུས་མཉམ་འབྲེལ་དང་རྨང་གཞིའི་འཛུགས་སྐྲུན་རྣམ་གྲངས་སོགས་ཀྱི་སྟེང་ལ་བཀོལ་རྒྱུ་ཡིན་འདུག གཞན་ད་དུང་དབུས་ཤར་གྱི་རྒྱལ་ཁབ་སོ་སོར་ཐོན་ནུས་མཉམ་འབྲེལ་བྱ་ཆེད་དུ་ཨ་སྒོར་དུང་ཕྱུར 100 ཙམ་གྱི་ཚོང་ལས་རང་བཞིན་གྱི་དངུལ་བུན་བཏང་། ཞིས་ཅིན་ཕིང་གིས་ད་དུང་ནན་གྱིས་བསྟན་དོན་ལྟར་ན། ཀྲུང་གོའི་སྲིད་གཞུང་གིས་དབུས་ཤར་གྱི་ས་ཁུལ་འཁྲུག་རྩོད་ཞི་བདེ་ཡོང་རྒྱུར་རྒྱབ་སྐྱོར་སྲ་བརྟན་བྱེད་བཞིན་ཡོད་ལ་ཕ་ལི་སི་ཐན་གྱི་རྒྱལ་ཁབ་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།
  གསར་འཕྲིན་ལྟར་ན། ཚེས 21 ཉིན་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨེ་ཅིབ་ཀྱི་རྒྱལ་ས་ཁའེ་རོ་ན་ཡོད་པའི་ཨ་རབ་རྒྱལ་ཁབ་མནའ་མཐུན་ཚོགས་པའི་ལྟེ་གནས་སུ་གཏམ་བཤད་སྤེལ་སྐབས་སུ་ཐེངས་བཅུ་ཙམ་ལ་ཁུལ་གཅིག་ལམ་གཅིག་གི་དགོངས་དོན་གླེང་བ་དང་། ཁོང་གིས་ནན་གྱིས་བསྟན་དོན་ལྟར། ཀྲུང་གོའི་སྲིད་གཞུང་གིས་དབུས་ཤར་རྒྱལ་ཁབ་ཁག་ནས་སྟོང་ཆ་ཁ་གསབ་བྱེད་འདོད་པ་མ་ཡིན་པར་ཀྲུང་གོ་དང་ཨ་རབ་བར་མཉམ་ལས་བྱས་པ་བརྒྱུད་གཉིས་ཕན་དང་སྤྱི་ཕན་གྱི་ལམ་བུ་ཞིག་བཟོ་འདོད་པ་ཡིན་ཟེར།