རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་ལ་གློག་བརྙན་སྐོར་གྱི་བཅར་འདྲི། [སྨད]


གློག་བརྙན་བཟོ་མཁན་ཞིག་ཡིན་པའི་ཆ་ནས། ཁྱེད་ཀྱིས་རང་ཉིད་ནང་པའི་བླ་སྤྲུལ་གྲགས་ཅན་ཞིག་གི་ངོ་བོ་དང་ཤེས་ལྡན་རིག་གནས་ཀྱི་དཔྱད་བརྗོད་པ་ཞིག་གི་ངོ་བོ་གཉིས་སོ་སོས་ཁྱེད་ཀྱི་བྱ་གཞག་གི་ཆ་ག་ཚོད་ཟིན་ཡོད་རྒྱུ་རེད། གློག་མཁན་བཟོ་མཁན་ནམ་ཡང་ན་སྒྱུ་རྩལ་པ་ཞིག་ཡིན་པའི་ཆ་ནས། ཁྱེད་ཀྱིས་ཆེས་མཐར་གཏུགས་བཤད་འདོད་པ་དེ་ཅི་ཡིན་ནམ།

    ང་གློག་བརྙན་ལ་བལྟ་རྒྱུར་ཧ་ཅང་དགའ་མོད། འོན་ཀྱང་། ང་རང་ཉིད་ཀྱིས་དུས་རྒྱུན་དུ་གློག་བརྙན་བཟོ་དགོས་པ་དེ་འདྲ་འདོད་ཀྱི་མེད། ངས་སངས་རྒྱས་ཤཱཀྱ་ཐུབ་པའི་མཛད་པའི་སྐོར་གྱི་གློག་མཁན་ཞིག་བཟོ་རྒྱུའི་ཧམ་སེམས་ཡོད། དེ་ལས་གཞན་ད་དུང་།  ངས་གློག་བརྙན་ནི་སྒྱུ་རྩལ་པ་ཚོས་དོན་སྙིང་ཡོད་པའི་དངོས་པོ་གསལ་སྟོན་བྱེད་པའི་བརྒྱུད་ལམ་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད་ལ། མི་རྣམས་ཀྱིས་གློག་བརྙན་ལ་སྨྱུ་གུ་དང་ཡིག་གཏག་ཆས་ལྟ་བུའི་ལག་ཆའི་འདུ་ཤེས་འཛིན་དགོས། ཁྱེད་ལ་ཀུན་སློང་ཡག་པོ་ཡོད་ན། གློག་བརྙན་བརྒྱུད་ནས་དོན་སྙིང་ལྡན་པའི་བྱ་དངོས་གསལ་སྟོན་བྱེད་ཐུབ། ང་རང་ཉིད་ཀྱིས་རང་ཉིད་ཀྱི་གློག་བརྙན་བརྒྱུད་ནས་བྱ་བ་རླབས་ཆེན་རེ་བསྒྲུབས་ཡོད་པར་འདོད་ཀྱི་མེད་ལ། དེ་ལྟ་བུའི་ཀུན་སློང་ཡང་མེད། ང་ནི་གློག་བརྙན་བཟོ་རྒྱུར་དགའ་བ་ཁོ་ན་ཙམ་ཡིན།

    དེ་ལྟ་ནའང་། གཞོན་སྐྱེས་མང་བོ་ཞིག་ང་ལ་ཐུག་འཕྲད་དུ་ཡོང་མྱོང་ཡོད་ལ། ཁོང་ཚོ་སངས་རྒྱས་ཆོས་ལུགས་ཀྱི་སློབ་དཔོན་དང་མཚོན་བྱེད། ཁོར་ཡུག་བཅས་ལ་འཚར་སྣང་སྐྱེས་བཞིན་ཡོད་ལ། ཁོང་ཚོས་འདི་དག་ནི་ཁྲིམས་བཙན་དང་ལུགས་གཙང་དུ་མཐོང་གི་ཡོད། དེ་བས། ཁོང་ཚོས་བསམ་ན། ངས་སྒྲུབ་བཞིན་པ་ནི་རྒྱུན་ལྡན་གྱི་ནང་ཆོས་ཀྱི་ཆོས་བྱེད་མི་སྣ་ཞིག་གིས་སྒྲུབ་པའི་བྱ་བ་ཞིག་མིན་ལ། རྒྱུ་མཚན་དེའི་དབང་གིས་ཁོང་ཚོ་སེམས་ལྷོད་ལྷོད་ཀྱིས་ང་ལ་ཐུག་འཕྲད་དུ་ཡོང་གི་ཡོད་པ་རེད། འདི་ལྟར་ང་དང་ཐུག་འཕྲད་བྱུང་བའི་གཞོན་སྐྱེས་ཚོའི་སེམས་སུའང་རིམ་བཞིན་སངས་རྒྱས་ཆོས་ལུགས་དང་བསམ་པའི་ཐོག་ནས་འབྲེལ་བ་ཞིག་འབྱུང་གི་འདུག་ལ། དེ་བས་ངས་རང་ཉིད་ཀྱི་གློག་བརྙན་ཕྱོགས་ཀྱི་འཚོལ་སྙེག་འདི་ལ་དོན་སྙིང་དང་དགོས་པ་རྩ་བ་ནས་མེད་པ་ཞིག་ཏུའང་འདོད་ཀྱི་མེད།

ཁྱེད་རང་ཆེས་དགའ་སའི་གློག་བརྙན་བཟོ་མཁན་ཏེ། ཨན་ཌེ་ཋར་ཁོབ་སི་ཁེ་(Andrei Tarkovsky)ལགས་ཀྱིས། “དད་སེམས་ཀྱིས་སྟོང་བར་གྱུར་ཚེ། སྒྱུ་རྩལ་གྱིས་འཆི་བ་རང་ཐོག་ཏུ་ལེན་ངེས།” ཞེས་བཤད་མྱོང་། ཁྱེད་རང་ཁོང་གི་གློག་བརྙན་ལ་ཅིའི་ཕྱིར་དགའ་བ་ཡིན་ནམ། ཁྱེད་ཀྱིས་ཁོང་གི་བརྩམས་ཆོས་རྣམས་རང་ཉིད་དང་དད་སེམས་ཐོག་ནས་སྦྲེལ་མྱོང་ངམ།

    ང་རང་ཋར་ཁོབ་སི་ཁེ་(Tarkovsky)ལགས་ཀྱི་ཐབས་རྩལ་དང་ཁོང་གི་སྒྲུང་བཤད་སྟངས། བརྗོད་བྱ་འདེམས་ཕྱོགས་ཐད་ཀྱི་སྙིང་སྟོབས་བཅས་ལ་རྗེས་སུ་ཡི་རངས་བྱེད་བཞིན་ཡོད། ད་ལྟ་ངས་ཆོས་དད་ཟེར་བ་དེར་འབྲེལ་བཤད་ཅིག་བརྒྱབ་ན། དེ་ནི་མི་ཚེ་ལ་ངོས་མི་འདྲ་བ་ཞིག་ནས་བལྟ་སྟངས་ཤིག་རེད་ལ། དེ་ནི་རེ་བ་དང་སྔངས་སྐྲག་མེད་པར་བར་སྣང་ནས་ཕྱིར་འཇིག་རྟེན་ལ་བལྟ་བ་ལྟ་བུ་ཞིག་རེད། ཋར་ཁོབ་སི་ཁེ་(Tarkovsky)ལགས་ཀྱིས་ཨབ་ར་ཧམ་གྱི་ལམ་དང་ལུགས་གཉིས་སྐྱ་གཤིབ་ཀྱི་ལམ་ལ་བརྟེན་གྱི་ཡོད་མོད། འོན་ཀྱང་ང་རང་གི་ནང་པ་སངས་རྒྱས་པའི་ལམ་ནི་ལུགས་གཉིས་སྐྱ་གཤིབ་ཅན་མ་ཡིན། ལུགས་གཉིས་སྐྱ་གཤིབ་ཅན་དང་ལུགས་གཉིས་སྐྱ་གཤིབ་མ་ཡིན་པ་གཉིས་ནི་དོན་དངོས་སུ་ཟངས་སྒོར་གཅིག་གི་ངོས་མི་འདྲ་བ་གཉིས་དང་གཅིག་མཚུངས་རེད།

    ངོས་འདི་ནས་བལྟས་པ་ཡིན་ན། ཋར་ཁོབ་སི་ཁེ་(Tarkovsky)ལགས་ཀྱིས་མཚམས་ལ་ལར་ཚེ་སྲོག་ནི་དམར་མཆོད་ཅིག་ལ་བརྩི་བ་འདི་ཡ་མཚན་རེད། ཋར་ཁོབ་སི་ཁེ་(Tarkovsky)ལགས་ཀྱི་སེམས་ནང་དུ་འཇིག་རྟེན་དུ་དམར་མཆོད་ལ་གཏོང་ཆོག་པའི་ཚེ་སྲོག་རེ་ཡོད་པར་འདོད་སྲིད་མོད། འོན་ཀྱང་། སངས་རྒྱས་ཆོས་ལུགས་པ་ཞིག་ལ་མཚོན་ན་མཐའ་ན་རང་ཉིད་ཀྱི་ཚེ་སྲོག་ཀྱང་དམར་མཆོད་ལ་གཏོང་རུང་བ་མ་ཡིན།

འཛམ་གླིང་ཡོངས་ཀྱི་མིག་ལམ་དུ། ཁྱེད་ནི་གློག་བརྙན་བཟོ་སྐྲུན་ལ་བརྩེ་དུང་ཟབ་མོ་ཆགས་ཡོད་པའི་གྲྭ་པ་དང་སྤྲུལ་སྐུ་ཞིག་རེད། འོ་ན་ཁྱེད་ཀྱིས་རང་ཉིད་ཀྱི་ཀྱི་བརྩེ་དུང་དང་ཆོས་ལུགས་ཐོག་གི་འཚོལ་སྙེག་གཉིས་ཀྱི་དབར་དུ་སྐྱ་ཐིག་ག་འདྲ་ཞིག་འདེབས་རྒྱུ་ཡིན་ནམ།

    ང་ལ་དྲི་བ་འདི་ཡང་ཡང་བཏོན་མྱོང་ཡོད་ལ། དྲི་བ་འདི་ག་རང་གིས་ང་རང་ཉིད་མགོ་འཐོམ་དུ་འཇུག་གི་འདུག  ངས་གོང་དུ་བཤད་པ་བཞིན། གློག་བརྙན་ནི་བརྒྱུད་ལམ་དང་ལག་ཆ་ཙམ་རེད། ཁྱེད་རང་རི་མོ་བ་དང་རྩོམ་པ་བོ། ཡང་ན་འཇིམ་བཟོ་བ་ཞིག་ཡིན་པ་གང་ཞིག་ལ། ཁྱེད་རང་ཆོས་བྱེད་པ་ཞིག་ཀྱང་ཡིན་ཆོག་པ་རེད། དེ་ན་ནང་འགལ་ཅི་ཡང་མེད། མི་ཚོས་བཤད་པ་ལྟར། འདྲ་པར་ལེན་པ་དང་གློག་བརྙན་བཟོ་བ་ནི་དོན་པར་འོད་ལ་བརྟེན་ནས་རི་མོ་འབྲི་བ་དེ་རེད། ལོ་རྒྱུས་ཐོག་ནས་ཀྱང་། རླབས་ཆེ་བའི་སངས་རྒྱས་ཆོས་ལུགས་ཀྱི་ཉམས་ལེན་པ་དང་སློབ་དཔོན་གྱི་ཁྲོད་དུ་སྒྱུ་རྩལ་པ་དང་འཇིམ་བཟོ་བ། ཤིང་བཟོ་བ། ཟམ་པ་སྐྲུན་མཁན། དབྱངས་རྟ་རྩོམ་མཁན་སོགས་གང་མང་ཡོད་པ་རེད།

    ངས་དྲི་བ་འདི་འདྲ་ཡོང་དོན་ཧ་གོ་ཡི་འདུག ངས་གོང་དུ་བཤད་པ་ལྟར། གློག་བརྙན་ཟེར་བ་འདི་གཅིག་ནས་འབྲུག་ཡུལ་ལྟ་བུའི་ཡུལ་གྲུ་མང་བོར་ད་དུང་བྱ་དངོས་གསར་པ་ཞིག་ཆགས་བསྡད་ཡོད་པ་དང་། གཉིས་ནས་གློག་བརྙན་དང་བསྡོངས་པའི་སྣང་ཚུལ་འགའ་དངོས་གནས་དེ་འདྲའི་ཆོས་མཐུན་ཞིག་མ་རེད། འོན་ཀྱང་། ལྟ་ཚུལ་འདི་ནི་གནས་ཚུལ་ངོ་མ་མ་ཤེས་པ་ལས་འབྱུང་གི་ཡོད། ཨོ་ཛུ་(Ozu)ཡི་གློག་བརྙན་ཋོག་ཁེའོ་(Tokyo) ཟེར་བ་ལྟ་བུ་ལས། ལྟད་མོ་བས་མི་ཚེའི་སྐོར་གྱི་དངོས་པོ་མང་བོ་ཞིག་སྦྱོང་ཐུབ།

སྒྱུ་རྩལ་ནི་ཁྱེད་རང་ཉིད་ཀྱི་མི་ཚེའི་ཆ་ཤས་སུ་གྲུབ་ཡོད། འོ་ན། རང་ཉིད་གློག་བརྙན་བཟོ་མཁན་ཞིག་ཡིན་པའི་ཆ་ནས། རང་ཉིད་སྤྲུལ་སྐུ་ཞིག་དང་། སྲོལ་རྒྱུན་དང་མ་འདྲ་བའི་ནང་བའི་བླ་མ་ཞིག་ཡིན་པ་འདིས་ཁྱེད་ཀྱི་གློག་བརྙན་ལ་ཤུགས་རྐྱེན་དང་བག་ཆགས་ག་ཚོད་ཐེབས་ཀྱི་ཡོད་དམ།

    འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ང་ཚོ་ཚང་མ་ཧ་ཅང་ལྟོས་བཅས་ཡིན། སངས་རྒྱས་ཀྱིས་ཀྱང་ང་ཚོ་ཚང་མ་ལྟོས་བཅས་ཀྱི་ཞོར་གྲུབ་རྫས་ཡིན་གསུང་མྱོང་། དེ་བས་གནས་སྟངས་གང་འདྲ་ཞིག་གི་འོག་ཏུའང་། ང་ཚོ་འཚང་ལོངས་འབྱུང་སའི་ཁོར་ཡུག་གང་འདྲ་ཡིན་པ་ལ་ལྟོས་ནས་ང་ཚོས་རང་ཉིད་ཀྱི་ཁོར་ཡུག་དང་མི་གཞན་པ་ལ་ཤུགས་རྐྱེན་འཇོག་གི་ཡོད། ང་ཉིད་ལའང་ཁོར་ཡུག་ལ་ལྟོས་ནས་མི་གཞན་པའི་ཤུགས་རྐྱེན་ཐེབས་ཀྱི་ཡོད། ང་རང་ཉིད་ཀྱི་ལྟོས་བཅས་ཀྱིས་གྲུབ་པའི་ང་ཟེར་བའི་ཆ་ཤས་ཆུང་ཆུང་ཞིག་རང་ཉིད་ཀྱི་འཚོལ་སྙེག་གི་ལམ་ནས་ཕྱིར་མངོན་གྱི་ཡོད་སྲིད་ལ། དེས་ང་རང་ཉིད་ཀྱི་གློག་བརྙན་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་སྲིད།

གོ་ཐོས་སུ། ཁྱེད་ཀྱིས་རང་ཉིད་ཀྱི་གློག་བརྙན་སྒྱུ་རྩལ་འདི་ཚད་ལྡན་ཞིག་ཆགས་རག་བར་དུ་མི་མཐུད་དུ་གློག་བརྙན་བཟོས་ཏེ། སངས་རྒྱས་ཀྱི་མཛད་པའི་སྐོར་གྱི་གློག་བརྙན་ཆེན་པོ་ཞིག་བཟོ་བར་རང་ཉིད་གྲ་སྒྲིག་ཡོད་པ་བྱེད་རྩིས་ཡོད་པ་རེད་ཟེར། གློག་བརྙན་འདི་བཟོ་བར་ད་དུང་ལམ་ཐག་རིང་བོ་ཞིག་ཡོད་པ་རེད་དམ།

    རེད། འདི་ནི་ངའི་རེ་བ་ཞིག་ཡིན། འོན་ཀྱང་། མངོན་འདོད་འདིའི་ཐོག་ལ་ང་ཉིད་ཀྱིས་རེ་ལྟོས་ཆེན་པོ་ཞིག་མི་རྒྱག་པའི་ཐབས་ཤེས་བྱེད་བཞིན་ཡོད། ང་ལ་རེ་བ་འདི་འདྲ་ཞིག་ཡོད་བཞིན་དུ། གཞན་པ་ཞིག་ངའི་སྔུན་ནས་སོང་སྟེ་འདི་ཐད་ལ་ང་རང་ཉིད་ཀྱི་ཚད་གཞི་ལས་བརྒལ་བའི་གློག་བརྙན་རླབས་ཆེན་ཞིག་བཟོ་སྲིད་པ་རེད་ལ། གལ་སྲིད་དེ་ལྟར་བྱུང་བ་ཡིན་ན་ངའི་སེམས་པ་དགའ་སྤྲོས་ཁེངས་ངེས།

གོ་ལ་ཧྲིལ་བོའི་ལྟད་མོ་བའི་མིག་ལམ་དུ་འགྲོ་བའི་གློག་བརྙན་བཟོ་མཁན་ཞིག་བྱེད་པ་དང་། ཡང་ན་རང་ཉིད་ཀྱི་སྐུ་ཕྲེང་རིམ་བྱོན་གྱི་ཕྱག་ལེན་ཁག་སྲོལ་རྒྱུན་ལྟར་རྒྱུན་འཛིན་བྱེད་མཁན་ཞིག་བྱེད་པ་གཉིས་ལས། ཁྱེད་ཀྱིས་བལྟས་ན་ཅི་ཞིག་གིས་རང་ཉིད་སངས་རྒྱས་ཆོས་ལུགས་པ་ངོ་མ་ཞིག་བྱེད་པར་ནུས་པ་འདོན་ཐུབ་བམ། ཁྱེད་ཉིད་ཀྱིས་རང་ཉིད་ལ་དོགས་སློང་བྱས་མྱོང་ངམ།

    སངས་རྒྱས་ཆོས་ལུགས་པ་ཡག་པོ་ཞིག་ཡོང་མིན་དེ། གློག་བརྙན་བཟོ་བ་དང་ལུགས་སྲོལ་ལྟར་ཆོས་བརྒྱུད་ཀྱི་འཆད་ཉན་རྒྱུན་འཛིན་བྱེད་པ་གཉིས་ལས་ཅི་ཞིག་འདེམས་པ་དང་འབྲེལ་བ་སྤུ་ཙམ་མེད་པར། དེ་ནི་གཙོ་བོ་རང་ཉིད་ཀྱི་དམིགས་ཡུལ་དང་ཀུན་སློང་ལ་རག་ལས་ཡོད། སློབ་མ་བསྡུ་བ་དང་ལྷ་ཁང་ཆེན་པོ་བསྐྲུན་པ་སོགས་ལ་བརྟེན་ནས་མཚན་སྙན་རྒྱས་པར་འདོད་པའི་ཆོས་མིན་གྱི་ཀུན་སློང་གིས་སྲོལ་རྒྱུན་གྱི་ཕྱག་ལེན་རྒྱུན་འཛིན་བྱེད་པ་ལས། ངས་བལྟས་ན་ཀུན་སློང་ཡང་དག་པའི་སྒོ་ནས་གློག་བརྙན་ཞིག་བཟོས་པ་ཞིག་ཡིན་ན་དེ་ནི་སངས་རྒྱས་ཆོས་ལུགས་པ་ཡག་པོ་ཞིག་བྱས་པ་རེད་སྙམ། འདི་གཉིས་ལས་འདེམས་དགོས་བྱུང་ན་ངས་ཕྱི་མ་འདི་འདེམས་ངེས་ཡིན།

སྐུ་ཉིད་ཀྱིས་ད་སྐབས་རང་ཉིད་ཀྱི་གློག་བརྙན་རྗེས་མ་དེའི་ཐོག་ལ་ཕྱག་ལས་གནང་གི་ཡོད་པ་རེད། གོ་ཐོས་སུ། དེ་ནི་སྐྱེ་འཆི་བར་དོ་སོགས་དངོས་འདས་རིང་ལུགས་བརྗོད་གཞི་བྱས་པའི་གློག་བརྙན་ཞིག་ཡིན་པར་བཤད། དེས་ན་ཁྱེད་ཀྱི་ད་ལྟ་ཕྱིར་ཐོན་རྒྱུའི་གློག་བརྙན་འདི་ལ་ང་ཚོས་རེ་ལྟོས་ཅི་འདྲ་ཞིག་བརྒྱབ་ན་འགྲིག་གམ།

    རེད། ངས་རང་ཉིད་ཀྱི་གློག་བརྙན་རྗེས་མ་དེའི་ཐོག་ལ་ལས་ཀ་བྱེད་བཞིན་པ་ཡིན་ལ། གློག་བརྙན་འདི་ནི་བདག་ཅེས་པའི་ངོ་བོ་དང་། ང་ཚོས་ངོ་བོ་དེ་ག་འདྲས་སྐྲུན་ཐབས་བྱེད་ཀྱི་ཡོད་པ་དང་ག་འདྲས་ཡལ་བར་འདོར་ཐབས་བྱེད་བཞིན་པའི་སྐོར་ཡིན། རྩོལ་བ་འདི་གཉིས་ཀས་ང་ཚོ་གནས་བཟོད་མི་བདེ་བ་བཟོ་བཞིན་ཡོད། དེའི་ཕྱིར། གློག་བརྙན་འདིའི་བརྗོད་གཞི་ནི་ཅུང་བར་དོ་དང་འབྲེལ་ནས་ཡོད་དེ། རྒྱུ་མཚན་ནི། བར་དོའི་གྲུབ་ཆ་འཁྲུལ་མེད་ཅིག་ནི་བདག་ཅེས་པའི་ངོ་བོ་ངོས་འཛིན་མེད་པ་དང་དེའི་ཕྱིར་ཡིད་རྟོན་མེད་པ་དེ་ཡིན།

    “ངའི་ད་ལྟ་ཕྱིར་ཐོན་རྒྱུའི་གློག་བརྙན་འདི་ལ་མི་ཚོས་རེ་ལྟོས་ཅི་འདྲ་ཞིག་བརྒྱབ་ན་འགྲིག་གམ།” ཟེར་ན། ངའི་ལན་ནི། “རེ་ལྟོས་ཆེན་པོ་མ་རྒྱག། འོན་ཀྱང་། དེའི་ཆེད་དུ་སྨོན་ལམ་རྒྱག་རོགས།”

(ཐོན་ཁུངས། འབྲུག་རྒྱང་བསྒྲགས་དྲ་བའི་དབྱིན་ཡིག་པར་ངོས།)

༢༠༡༥།༧།༣༠


& རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་ལ་གློག་བརྙན་སྐོར་གྱི་བཅར་འདྲི། [སྟོད]  filmtbt.com/activities/2015-10-15/453.html

 

 

 

དཔྱད་མཆན་ཡོད།