中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > བཅའ་ཁྲིམས་ཁྲིམས་སྲོལ། > རྒྱལ་ཁབ་ཀྱི་བཅའ་ཁྲིམས། >
༄༅།། རྩ་ཁྲིམས་དང་རྩ་ཁྲིམས་ལམ་ལུགས། རྩ་ཁྲིམས་དམངས་གཙོ་བཅས་ཀྱི་ཁྱད་པར་གླེང་བ།
དུས་ཚོད།2017-01-20 15:24:17     རྩོམ་གྱི་ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།    ཆུང་། | འབྲིང་། | ཆེ།
རྩ་ཁྲིམས་ནི་རྒྱལ་ཁབ་ཅིག་གི་ཁྲིམས་མཐོ་ཤོས་དེ་ཡིན་ལ། ལུང་བའི་ནང་གི་མི་རིགས་ཡོངས་རྫོགས་དམ་དུ་སྦྲེལ་བྱེད་ཀྱི་གཞི་རྩའི་རྩ་འཛིན་དང་རིན་ཐང་ཁག་སྟེ། རང་དབང་དང་འདྲ་མཉམ། དྲང་བདེན་སོགས་ཀྱི་རྨང་གཞི་ཐོག་སྲིད་གཞུང་གིས་མི་སེར་དབང་སྒྱུར་དགོས་པའི་འགྲེལ་བཤད་ཁག་ཁ་གསལ་བོའི་ངང་ཡིག་ཆ་གཅིག་གི་ནང་དུ་ཕྱོགས་བསྡུས་བྱས་པ་ཞིག་ལ་རྩ་ཁྲིམས་ཟེར། ཡིན་ཡང་ཡིག་ཐོག་ལ་ཕབ་པའི་རྩ་ཁྲིམས་དང་ཡིག་ཐོག་ལ་མ་ཕབ་པའི་རྩ་ཁྲིམས་རིགས་གཉིས་ཡོད་དེ། འཛམ་གླིང་ནང་གི་རྩ་ཁྲིམས་རྙིང་ཤོས་སུ་ངོས་འཛིན་བྱེད་ཀྱིན་པའི་ཨ་རི་རྒྱལ་ཁབ་(United States)ཀྱི་རྩ་ཁྲིམས་དང་འཛམ་གླིང་ནང་གི་རྩ་ཁྲིམས་རིང་ཤོས་སུ་ངོས་འཛིན་བྱེད་ཀྱིན་པའི་རྒྱ་གར་(India)གྱི་རྩ་ཁྲིམས་སོགས་ནི་ཡིག་ཐོག་ལ་ཕབ་པའི་རྩ་ཁྲིམས་ཀྱི་དཔེ་མཚོན་ཡིན་ལ། དེ་ལས་ལྡོག་སྟེ། ཨིན་ཡུལ་(United Kingdom)ལ་ཆ་མཚོན་ན། ཡིག་ཐོག་ལ་ཕབ་པའི་རྩ་ཁྲིམས་ཞེས་ཡིག་ཆ་རྡོག་རྡོག་ཅིག་སྟོན་རྒྱུ་མེད་པ་ལྟ་བུ་རེད། འོན་ཀྱང་། རྩ་ཁྲིམས་(constitution)ཡོད་པ་ཙམ་གྱིས་རྩ་ཁྲིམས་ལམ་ལུགས་(constitutionalism)འཚོ་གནས་བྱེད་ཀྱི་ཡོད་པའི་ངེས་པ་མེད། ད་ལྟའི་ཆར་འཛམ་གླིང་གི་ལུང་བ་མང་ཆེ་བར་རྩ་ཁྲིམས་ཡོད་ཀྱང་། རྩ་ཁྲིམས་ལམ་ལུགས་ད་དུང་དབུ་བརྙེས་ཐུབ་ཀྱི་མེད། དཔེར་ན། ཙི་ནའི་རྒྱལ་ཁབ་ལ་ཆ་མཚོན་ན། རྩ་ཁྲིམས་ཡང་དག་པ་ཞིག་༡༩༨༢་ལོར་བཟོས་ཡོད་ལ། ༢༠༡༥་ནས་བཟུང་། རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོས་ལོ་རེའི་ཟླ་༡༢་པའི་ཚེས་༤་དེ་རྒྱལ་ཡོངས་རྩ་ཁྲིམས་ཉིན་མོར་སྲུང་བརྩི་བྱེད་རྒྱུར་ཐག་བཅད་ཡོད། དེ་ཡང་སྲིད་འཛིན་ཞི་ཅིན་ཕིན་གྱིས་༼རྩ་ཁྲིམས་ཀྱི་ཚེ་སྲོག་ནི་ལག་བསྟར་གྱི་སྒང་ན་ཡོད༽་ཞེས་གསུངས་པ་བཞིན། (1)རྩ་ཁྲིམས་ནང་གསལ་བའི་གཞི་རྩའི་རིན་ཐང་དང་རྩ་འཛིན་ཁག་ལག་བསྟར་བྱེད་རྒྱུ་དེ་གལ་ཆེ་ཤོས་ཡིན། འོན་ཀྱང་། ལུང་བ་ཁ་ཤས་ནང་རྩ་ཁྲིམས་ཡིག་ཐོག་ལ་བཀོད་པ་ཙམ་མ་གཏོགས། རྩ་ཁྲིམས་ཀྱི་གོ་ས་དམའ་བས། ལུང་བའི་ནང་རྩ་ཁྲིམས་ལམ་ལུགས་ཀྱི་བྱེད་ནུས་ཐོན་ཐུབ་ཀྱི་མེད།
 
  རྩ་ཁྲིམས་ཀྱིས་ས་ཐིག་ཅིག་འཐེན་གྱི་ཡོད་ལ། སྲིད་འཛིན་དང་སྲིད་བློན་སོགས་སུ་ཡིན་རུང་། ས་ཐིག་དེ་ལས་ཕར་བརྒལ་མི་ཆོག་པ་རྩ་ཁྲིམས་ནང་ཁ་གསལ་གཏན་འབེབས་གནང་ཡོད། རྩ་ཁྲིམས་དམངས་གཙོ་རིག་པའི་མཁས་པ་སི་ཀྲེ་ཧྥིན་ཧོམ་(Stephen Holmes)གྱིས་རྩ་ཁྲིམས་བརྒྱུད་ནས་མི་དམངས་དབང་སྒྱུར་བྱ་དགོས་པ་མ་ཟད། དབང་སྒྱུར་མཁན་ཡང་དབང་སྒྱུར་དགོས་༼ “rulers, too, need to be ruled.” ༽གསུངས་པ་བཞིན། (2) རྩ་ཁྲིམས་ཀྱི་སྒང་དུ་སུ་གང་ཡང་ཡོད་མི་ཆོག་ལ། ད་ལྟའི་དུས་ཀྱི་འཛམ་གླིང་གི་ཆབ་སྲིད་ཚན་རིག་པ་གྲགས་ཅན་ཧྥི་རན་སེ་སིས་ཧྥོ་ཀོ་ཡ་མ་(Francis Fukuyama)ལགས་ཀྱིས། སྤྱི་ཚོགས་ཧྲིལ་བོའི་རིན་ཐང་ཁག་མཚོན་ཐུབ་པའི་ཕྱི་གསལ་ནང་གསལ་གྱི་ཁྲིམས་དང་སྒྲིག་གཞི་ཁག་མི་སེར་ཙམ་མ་ཡིན་པར། ལུང་བའི་ནང་གི་དབང་ཚད་ཆེས་མཐོ་ཤོས་ཀྱི་འགོ་ཁྲིད་ཀྱང་དམ་པོར་འཆིང་བ་ཞིག་ལ་ཁྲིམས་ཀྱི་དབང་སྒྱུར་(The rule of law≠ Rule by law)ཞེས་འགྲེལ་བརྗོད་བྱེད་ཀྱི་ཡོད། (3) དེ་བས་རྩ་ཁྲིམས་ལམ་ལུགས་ཀྱི་སྲིད་གཞུང་དང་རྩ་ཁྲིམས་ལམ་ལུགས་མིན་པའི་སྲིད་གཞུང་གཉིས་དབར་གྱི་ཁྱད་པར་གཙོ་བོ་དེ། གཞུང་གི་དབང་ཆ་ཚོད་འཛིན་༼limiting power is the key feature of constitutional democracy༽(4) བྱེད་ཐུབ་མིན་གྱི་སྒང་ནས་འཇོག་དགོས།
 
  རྩ་ཁྲིམས་ལམ་ལུགས། (Constitutionalism)
 
  རྩ་ཁྲིམས་ལམ་ལུགས་ནི་མི་སེར་གྱི་རང་དབང་སྲུང་སྐྱོབ་བྱེད་པ་དང་། ལྷག་པར་དུ་གྲངས་ཉུང་གི་གནས་སྟངས་ཁྲོད་ལྷག་པའི་མི་ཚོའི་རང་དབང་འགན་ལེན་བྱེད་པ་ཞིག་ལ་གོ་ཞིང་། སྲིད་གཞུང་གིས་རྩ་ཁྲིམས་ཀྱི་དགོངས་དོན་ལྟར་དབང་ཆ་དང་བཀོལ་ནས་སྤྱི་དམངས་ཀྱི་ཐོབ་ཐང་སྲུང་སྐྱོབ་དང་། མི་དམངས་མངོན་འདོད་ཁག་ལ་འགན་ལེན་དགོས་པ་དེ་ལ་སྒྲུབ་ཕྱོགས་ཀྱི་རྩ་ཁྲིམས་ལམ་ལུགས་(positive constitutionalism)ཟེར། ཡིན་ཡང་གནས་སྟངས་མང་པོའི་ཁྲོད་དུ་སྲིད་གཞུང་ནི་མི་དམངས་ཀྱི་རང་དབང་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་མ་ཡིན་པར། དེ་དག་རྡོག་རོལ་གཏོང་མཁན་ཆགས་ཀྱི་ཡོད་སྟབས། རྩ་ཁྲིམས་དམངས་གཙོ་རིག་པའི་མཁས་པ་ཨན་སྒྲི་ར་སི་ས་ཇོ་(Andras Sajo)ལགས་ཀྱིས་གསུངས་བ་བཞིན་༼རྒྱལ་ཁབ་ཀྱི་སྲིད་གཞུང་གི་དབང་ཆ་ལ་ཚད་བཀག་བཟོས་ནས་སྤྱི་དམངས་ཀྱི་ཞི་བདེ་སྲུང་སྐྱོབ་བྱེད་པ༽་ཞིག་ལ་རྩ་ཁྲིམས་ལམ་ལུགས་ཟེར་གྱི་ཡོད། (5) དེ་ལ་དགག་ཕྱོགས་ཀྱི་རྩ་ཁྲིམས་ལམ་ལུགས་(negative constitutionalism)ཀྱང་ཟེར། དམངས་གཙོའི་བརྒྱུད་རིམ་དྲང་བདེན་དང་ཡང་དག་པ་ཞིག་གི་ཁྲོད་དུ་རྟག་དུ་ཁྲིམས་ལུགས་ཡང་དག་པ་བཟོ་བའི་ངེས་པ་མེད། དམངས་གཙོའི་ཁྲིམས་ལུགས་ཁག་ཀྱང་ནོར་བ་ཡིན་སྲིད། དེ་བས་སྲིད་གཞུང་གི་དབང་ཆར་ཚད་བཀག་བཟོ་རྒྱུ་དེ་རྩ་ཁྲིམས་ལམ་ལུགས་ཀྱི་བྱེད་ལས་གཙོ་བོ་དེ་ཡིན་ལ། སྤྱི་ཚོགས་ཁྲོད་ཀྱི་མི་དམངས་ཡོངས་རྫོགས་ཀྱི་འདྲ་མཉམ་གྱི་རང་དབང་དང་། ལྷག་པར། དམངས་གཙོའི་མཆེ་ཁ་ནས་གྲངས་མང་གིས་བཙན་དབང་བྱེད་མ་བཅུག་པར།  གྲངས་ཉུང་གི་རང་དབང་སྲུང་སྐྱོབ་བྱེད་རྒྱུ་དེ་རྩ་ཁྲིམས་ལམ་ལུགས་ཀྱི་དམིགས་བྱ་གཙོ་བོ་དེ་ཡིན།(6)
 
  རྒྱལ་ཁབ་ཅིག་ལ་རྩ་ཁྲིམས་ཤིག་ཡོད་པ་དང་། སྲིད་གཞུང་གི་བྱེད་ལས་མཐའ་དག་རྩ་ཁྲིམས་དེའི་རྨང་གཞིའི་སྒང་ནས་རྩོམ་གྱི་ཡོད་ཚེ། ལུང་བ་དེ་རྩ་ཁྲིམས་ལམ་ལུགས་ཀྱི་སྒྲོམ་གཞིའི་ནང་དུ་འཛིན་སྐྱོང་བྱེད་ཀྱི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། རྩ་ཁྲིམས་ཡོད་ཀྱང་། རྩ་ཁྲིམས་ལམ་ལུགས་འཚོ་གནས་ཐུབ་ཀྱི་མེད་པ། ཙི་ནའི་རྒྱལ་ཁབ་དང་། རྩ་ཁྲིམས་མེད་ཀྱང་རྩ་ཁྲིམས་ལམ་ལུགས་འཚོ་གནས་བྱེད་ཀྱི་ཡོད་པ་ཨིན་ཡུལ་ལྟ་བུ་ཡིན། རྩ་ཁྲིམས་ལམ་ལུགས་ནི་ཉམས་མྱོང་དང་དྲན་ཤིང་གི་མཛོད་ཁང་ཞིག་ཡིན་ཞེས་ཨན་སྒྲི་ར་སི་ས་ཇོ་(Andras Sajo)ལགས་ཀྱིས་གསུངས་བ་བཞིན། (7)དབང་ཆ་ལོག་པར་བེད་སྤྱོད་བཏང་བའི་ལོ་རྒྱུས་ཀྱི་མྱོང་ཚོར་དེ་མི་སྡེ་སྤྱི་ཚོགས་སྤྱི་དང་ཡང་སྒོས་གནོད་འཚེ་ཕོག་ཡུལ་གྱི་མི་དམངས་ཚོའི་སེམས་ནང་དུ་གསལ་ལྷང་ངེར་གནས་ཡོད་པས། རྩ་ཁྲིམས་ཀྱི་ཡི་གེ་དེ་སྔར་གྱི་དབང་ཆ་གཅིག་སྡུད་ཀྱི་ཞེད་སྣང་དེའི་ཁྲོད་ནས་བྲིས་པ་ཡིན་ལ། རྩ་ཁྲིམས་ཀྱིས་ལོ་རྒྱུས་ཁྲོད་དུ་དབང་ཆ་བེད་སྤྱོད་ལོག་པར་བཏང་བ་ངོས་འཛིན་ཡང་ཐོབ་ཏུ་འཇུག་གི་ཡོད། དེ་བས་རྩ་ཁྲིམས་ལམ་ལུགས་ནི་སྔར་གྱི་བྱུང་བ་དང་ཉམས་མྱོང་ཁག་གཞི་ལ་བཞག་ནས་བཙན་གནོན་ལ་ཁ་གཏད་གཅོག་པའི་ལམ་ལུགས་ཤིག་ཡིན་ནོ།།
 
  རྩ་ཁྲིམས་དམངས་གཙོ། (Constitutional Democracy)
 
  རྩ་ཁྲིམས་དམངས་གཙོ་ཟེར་དུས་རྩ་ཁྲིམས་དང་དམངས་གཙོ་གཉིས་མཉམ་དུ་སྦྱར་བའི་མིང་ཚིག་ཅིག་ཡིན་པས། དེའི་དོན་རྟོགས་པར། དམངས་གཙོའི་གོ་དོན་སྟབས་བདེ་ཞིག་ཀྱང་འཚམས་སྦྱོར་མི་བྱེད་ཐུ་མེད་ཆགས་ཡོད། དམངས་གཙོ་ལ་འགྲེལ་བཤད་རྒྱག་སྟངས་འདྲ་མིན་ཡོད་ལ། མཁས་པ་རེ་རེའི་དམངས་གཙོའི་གོ་དོན་འགྲེལ་ཚུལ་ཡང་མི་འདྲ་ལ། མི་རིགས་འདྲ་མིན་གྱིས་དམངས་གཙོ་གོ་བ་ལེན་སྟངས་ཡང་མི་འདྲ། དེ་མ་ཚད། ཤེས་ཡོན་པའི་སྡེས་མང་གཙོར་འགྲེལ་སྟངས་དང་མང་ཚོགས་ཀྱི་དམངས་གཙོའི་ལྟ་ཚུལ་དབར་ལ་ཡང་ཧེ་བག་ཆེན་པོ་ཡོད། ཆབ་སྲིད་ཚན་རིག་པ་མང་ཆེ་བས་དམངས་གཙོའི་འགྲེལ་བཤད་དེ་བརྒྱུད་རིམ་(Procedural terms)གྱི་ཐོག་ནས་རྒྱག་གི་ཡོད་ལ། དཔེར་ན། ཆབ་སྲིད་ཚན་རིག་པ་ཀྲོར་ཀལ་བེལ་(Tocqueville)དང་རོ་བྷེར་ཁྲི་རྡའལ་(Robert Dahl)ཇོ་སེ་ཧྥུ་ཞོན་ཕེ་ཁྲིར(Joseph Schumpeter)སེ་མིལ་ཧན་ཁྲིན་ཁྲོན་(Samuel Huntington)་སོགས་ཀྱིས་དམངས་གཙོ་ནི་མི་དམངས་ཀྱི་དབང་སྒྱུར་རམ་སྲིད་གཞུང་འདེམས་སྒྲུག་བྱེད་པའི་བརྒྱུད་རིམ་ཞིག་ལ་ངོས་འཛིན་བྱས་ཡོད་ལ། རང་དབང་དང་དྲང་བདེན། ཕྱི་གསལ་ནང་གསལ་གྱི་འོས་བསྡུའི་གོ་རིམ་བརྒྱུད་ནས་སྲིད་གཞུང་འདེམས་སྒྲུག་བྱེད་པའི་ལུང་བ་ཞིག་ཡིན་ན་དེ་དམངས་གཙོའི་ལུང་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ། དེ་ལ་འོས་བསྡུའི་དམངས་གཙོ་(Electoral democracy)ཡང་ཟེར། འགྲེལ་ཚུལ་འདིའི་སྒང་ནས་དམངས་གཙོ་ཆེད་མཁས་པ་དང་ཆབ་སྲིད་ཚན་རིག་པ་ལེད་རེ་སྒྲད་མོང་ཌི་(Larry Diamond) ལགས་ཀྱིས་འཛམ་གླིང་གི་ལུང་བ་ཁག་དམངས་གཙོ་ཡིན་མིན་གྱི་ས་མཚམས་དགར་གྱི་ཡོད་ལ། ཁོང་གི་ཉམས་ཞིབ་ཀྱི་འབྲས་བུ་གཞིར་བཞག་ན། སྤྱི་ལོ་༡༩༧༤ནས་༢༠༡༣་དབར་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཀྱི་གྲངས་འབོར་༣༥་ནས་༡༢༠་ལ་ཡར་འཕར་ཡོད་ཚུལ་འགྲེལ་བརྗོད་བྱེད་ཀྱི་ཡོད། དུས་མཚུངས་སུ་འཛམ་གླིང་ནང་གུ་ཡངས་དམངས་གཙོའི་(Liberal Democracy)འཕེལ་ཚད་ཅིག་ཀྱང་ལོགས་སུ་འདོན་སྤེལ་བྱེད་ཀྱི་ཡོད་པ་(8)་གཤམ་གྱི་དཔེ་རིས་ནང་གསལ་ལྟར་རེད།
 
 
 
  (དཔེ་རིས་ཡོངས་ཁུངས། Larry Diamond, Facing Up to theDemocratic Recession,2015)
 
  དམངས་གཙོ་དང་ཆབ་སྲིད་རང་དབང་། འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ཞིབ་འཇུག་བྱེད་མཁན་གྱི་ཨ་རིའི་ནང་གི་རང་དབང་ཁང་བ་(Freedom House)ཚོགས་པས་ཀྱང་། དམངས་གཙོ་འགྲེལ་ཚུལ་སྲབ་མོའམ་(thin definition)འོས་བསྡུ་གཞིར་བཞག་ནས་ལུང་བ་གང་ཞིག་དམངས་གཙོ་ཡིན་མིན་དབྱེ་བ་དགར་གྱི་ཡོད། (9) ཡིན་ཡང་ར་ཞི་ཡའི་སྲིད་འཛིན་ཕུ་ཀྲིན་(Vladimir Putin)དང་། ཧང་ཀི་རེའི་སྲིད་འཛིན་བེ་ཁི་ཁྲོར་ཨོར་བྷིན་(Victor Orban)སོགས་འོས་བསྡུའི་ལམ་ཁ་བརྒྱུད་ནས་རྒྱལ་ཁབ་ཀྱི་འགོ་ཁྲིད་ཆགས་ཡོད་རུང་། འོས་བསྡུ་ཚར་རྗེས་མི་དམངས་ཀྱི་འཐུས་ཚབ་གྲོས་ཚོགས་ཀྱི་དབང་ཆ་རྐང་རྫིས་གཏོང་བ་དང་། རིམ་བཞིན་ལུང་བའི་ནང་གི་རང་དབང་གི་ཐོབ་ཐང་(དཔེར་ན། ཁྲོམ་སྐོར། སྨྲ་བརྗོད། གསར་འགོད་རང་དབང་།)ཁག་ག་ལེར་དམ་དྲག་བྱེད་ཀྱི་ཡོད་ལ། སྣང་ཚུལ་དེར་ཨ་རིའི་རྩོམ་པ་པོ་དང་གསར་འགོད་པ་གྲགས་ཅན་ཧྥེ་རེ་སྒྲི་རྫ་ཁ་རེ་ཡ་(Fareed Zakaria)ཡིས་གུ་དོག་དམངས་གཙོའི་ཉི་ཤར(The rise of illiberal democracy)་ཞེས་བརྗོད་ཀྱི་ཡོད་ལ། ཨ་རིའི་སྤྱི་མཐུན་ཚོགས་པའི་འོས་མི་སྒྲོ་ནིལ་་ཁྲི་རོམ་ཕི་(Donald Trump)ལགས་ཨ་རིའི་སྲིད་འཛིན་ཆགས་པ་ལ་བརྟེན་ནས་རྩོམ་པ་པོ་ཁོང་གིས་ཨ་རིའི་དམངས་གཙོ་དེ་ཡང་གུ་དོག་དམངས་གཙོ་ཞིག་ལ་ངོས་འཛིན་བྱས་འདུག སྣང་ཚུལ་འདི་དག་གི་སྟེང་ནས་ཁོང་གིས་འཛམ་གླིང་ནང་དམངས་གཙོ་དར་ཁྱབ་འགྲོ་གི་ཡོད་རུང་། རྩ་ཁྲིམས་གུ་ཡངས་རིང་ལུགས་དར་ཁྱབ་འགྲོ་གི་མེད་(Democracy is flourishing; constitutional liberalism is not)(9) ཅེས་གསུངས་ཡོད།
 
  རྩ་ཁྲིམས་དམངས་གཙོ་ནི་སྲིད་གཞུང་གི་ལམ་ལུགས་ཤིག་ཡིན་ལ། ལམ་ལུགས་དེའི་ཁྲོད་དུ་ཆབ་སྲིད་ཀྱི་དབང་ཆའི་ཚད་བཀག་ཁ་གསལ་བོའི་ངང་འགྲེལ་བརྗོད་བྱས་ཡོད། རྩ་ཁྲིམས་དམངས་གཙོས་དབང་སྒྱུར་མཁན་དང་དབང་བསྒྱུར་ཡུལ་གྱི་འབྲེལ་བ་ཞིག་གླེང་གི་ཡོད། མི་དམངས་ཀྱིས་སོ་སོའི་འཐུས་མི་བརྒྱུད་ནས་དབང་སྒྱུར་བྱེད་པ་དང་། ཁྲིམས་ནི་མི་དམངས་རང་ཉིད་ཀྱིས་བཟོས་པ་ཡིན་པས།་དེ་ལ་གུས་བརྩི་བྱེད་དགོས་པའི་གནས་ལུགས་ཤིག་བཤད་གི་ཡོད། ཡིན་ཡང་། རྩ་ཁྲིམས་དང་དམངས་གཙོ་དབར་གྱི་འབྲེལ་བ་དེ་ཁ་རུ་ཁ་ཐུག་ཅིག་མིན་པར་རྙོག་འཛིང་ལྡན་པ་ཞིག་ཡིན། དམངས་གཙོ་མཚམས་རེར་ཉེན་ཁ་ཆེན་པོ་ཡིན། དམངས་གཙོ་ལམ་ལུགས་ནི་མང་མོས་ཀྱི་འདོད་མོས་ལྟར་དོན་དག་ཆེ་མ་ཆུང་གསུམ་ཡོད་ཚད་ཐག་གཅོད་བྱེད་ཀྱི་ཡོད་པས། ལུང་བའི་ནང་གི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྡོག་རོལ་གཏོང་བའི་གྲངས་མང་གི་བཙན་དབང་(the tyranny of the majority) ཡོང་བའི་ཉེན་ཁ་ཡོད། (10)རྩ་ཁྲིམས་དམངས་གཙོས་གྲངས་མང་གི་དབང་སྒྱུར་(the rule of the majority) གཞིར་འཛིན་པ་གང་ཞིག་ལ། གྲངས་ཉུང་གི་ཐོབ་ཐང(the right of the minority)སྲུང་སྐྱོབ་བྱེད་པའི་ལམ་ལུགས་ཤིག་ལ་ཟེར་གྱི་ཡོད། དེ་ཇི་ལྟར་བྱེད་ཐུབ་ཀྱི་ཡོད་རེད་ཟེར་ན། རྩ་ཁྲིམས་ནང་དབང་ཆ་ཡོངས་རྫོགས་སྲིད་གཞུང་གི་ལྟོས་མེད་ཀྱི་མ་ལག་ཀུན་ལ་བགོ་བཤའ་བརྒྱབ་ཡོད་པ་དང་། གཅིག་གིས་གཅིག་ལ་སོ་ལྟ་དང་གཟབ་ཉན་བྱས་ཏེ་དབང་ཆ་གཅིག་སྡུད་ཡོང་མ་ཐུབ་པ་ཞིག་བཟོས་ཡོད། དེ་བས་རྩ་ཁྲིམས་དམངས་གཙོ་ཡོད་པའི་རྒྱལ་ཁབ་ཁག་གི་སྲིད་ལུགས་སྲ་བརྟན་ཡིན་ཞེས་བཤད་ཆོག
 
  འོས་བསྡུ་དམངས་གཙོ་(electoral democracy) ཡོད་པ་ཙམ་གྱིས་རྩ་ཁྲིམས་དམངས་གཙོ་(constitutional democracy) དང་གུ་ཡངས་དམངས་གཙོ(liberal democracy) ཡོད་པས་མ་ཁྱབ་ཀྱང་། གུ་ཡངས་དམངས་གཙོ་ལག་བསྟར་བྱེད་བཞིན་པའི་ལུང་བ་ཚང་མ་རྩ་ཁྲིམས་དམངས་གཙོའི་ལམ་ལུགས་ཡིན། རྒྱུ་མཚན་འདི་ལ་བརྟེན་ནས་ངས་དུས་རྒྱུན། གལ་ཏེ་ཁྱེད་ཀྱིས་དམངས་གཙོ(Democracy) ནི་མི་དམངས་གཙོ་བོ་དང་མི་དམངས་ཀྱིས་དབང་སྒྱུར་བའི་ཆབ་སྲིད་ལམ་ལུགས་ཤིག་རེད་ཅེས་ཚིག་གི་ངོ་གདོང་ལྟར་འགྲེལ་བརྗོད་བྱས་ན། ཁྱེད་རང་ད་དུང་ཡང་གནའ་བོའི་གྷི་རེ་སིའི་དུས་རབས་སུ་ལུས་ཡོད་པའི་རྟགས་ཡིན་ལ། གནའ་བོའི་གྷི་རེ་སིའི་ཐད་ཀར་དམངས་གཙོ་ནས་དེང་རབས་འཐུས་མིའི་དམངས་གཙོ་དབར་གྱི་ལོ་ངོ་༢༥༠༠ ལྷག་གི་ལོ་རྒྱུས་ཁྲོད་དམངས་གཙོའི་གོ་དོན་དང་མཚན་ཉིད་ལ་ཡུལ་དུས་གནས་བབ་ལ་དཔགས་པའི་འགྱུར་བ་སྣ་ཚོགས་ཕྱིན་ཡོད། དམངས་གཙོ་ལམ་ལུགས་ཟེར་དུས་བྲག་རྡོ་ཡུག་གཅིག་པ་ལྟ་བུའི་ཆབ་སྲིད་ལམ་ལུགས་ཤིག་མ་ཡིན་པར། བཟོ་དབྱིབས་དང་མ་དཔེ་འདྲ་མིན་སྣ་ཚོགས་ཡོད་ཆོག་ལ་ཡོད་ཀྱང་དགོས་པའི་ལམ་ལུགས་ཤིག་ཡིན། ཤར་རྒྱ་གར་ནས་ནུབ་ཡོ་རོབ་དང་ཨ་རི་ནང་གི་༼བྱ་བསྲེག་ཟས་༽ཚང་མའི་མིང(KFC)གཅིག་མཚུངས་ཡིན་ཡང་བྱ་ཤ་བསྲེགས་མའི་བྲོ་བ་ལོགས་ཀ་ཡིན་པ་བཞིན། ཤར་ཕྱོགས་ནས་ནུབ་ཕྱོགས་དབར་གྱི་དམངས་གཙོའི་ལུང་པ་ཚང་མ་དམངས་གཙོ་ཡིན་པ་བདེན་ཀྱང་། དམངས་གཙོའི་ལམ་ལུགས་ཀྱི་བཟོ་དབྱིབས་དང་མ་དཔེ་མི་འདྲ་བ་མ་ཟད། བཟོ་དབྱིབས་རེ་རེར་ཐུན་མིན་གྱི་ཁྱད་ཆོས་རེ་ཡོད་ཅེས་བརྗོད་ཀྱི་ཡོད།།
 རྩོམ་སྒྲིག་པ། མཁའ་བྱམས་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།